མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-20 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་དགུའི་ཉིན་ཧྲན་ཁུག་རྫོང་ཞཱ་ཀོན་གྲོང་ཁྱེར་ནས་གཏམ་བཤད་སྤེལ་སྐབས་འཇར་པན་དང་ཨུ་རུ་སིའི་འབྲེལ་བ་གླེང་སྟེ། ངེས་པར་དུ་ཨུ་རུ་སི་དེ་འགན་ཁུར་བའི་རྒྱལ་ཁབ་ཏུ་བྱས་ཏེ་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་ཁྲོད་ཞུགས་སུ་འཇུག་དགོས་པ་དང་། དོན་དེའི་ཐད་ནས་ངས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཨན་པའེ་ཅིན་སན་གྱིས་ད་རུང་བསྟན་དོན། སྔ་མོ་ནས་འཇར་པན་དང་ཨུ་རུ་སིའི་ཞི་བདེའི་ཆིངས་ཡིག་འགོད་པའི་ཆེད་དུ་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱས་ཏེ་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་དགོས་པ་བསྐྱར་སྒྲོག་བྱས། ཞོར་དུ་ད་རུང་རྩོད་གླེང་གང་ཡིན་ཡང་རྒྱལ་ཁབ་བཅའ་ཁྲིམས་ལ་གཞིགས་ཏེ་ཕྱི་འབྲེལ་ཐད་ནས་ཐག་གཅོད་བྱེད་དགོས་པ་ལས་དངོས་ཤུགས་བཀོལ་མི་རུང་ཟེར།

ཨན་པའེ་ཅིན་སན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཧྥུའུ་ཀང་གྲོང་ཁྱེར་ནས་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་གནད་དོན་དེར་རྟོག་ཞིབ་གསལ་བོ་བྱེད་དགོས་པར་བཤད་དེ། དོན་རྐྱེན་དེར་དོ་སྣང་ཆེན་པོ་བྱེད་པའི་ཚུལ་བསྟན།

ཨན་པའེ་སྲིད་གཞུང་ནང་ཁུལ་གྱིས་བལྟས་ན། གལ་ཏེ་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ཕྱོགས་ཀྱིས་འགྲུལ་སྐྱེལ་གནམ་གྲུ་དེ་ཨུ་རུ་སི་ལ་བློ་ཉེ་བའི་ཕྱོགས་ཁག་གིས་སར་འཕང་བར་ཐག་བཅད་དེ། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ན། འཇར་པན་གྱིས་ཀྱང་དེར་གཞོགས་འདེགས་མི་བྱེད་ཐབས་མེད་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་མ་བྱུང་གོང་། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨན་པའེ་སྲིད་གཞུང་གིས་ཨུ་རུ་སི་ལ་བསྟན་པའི་རྣམ་འགྱུར་ལ་མི་དགའ་བའི་ཚུལ་བསྟན་པ་དང་། དེ་བས་འཇར་པན་སྲིད་གཞུང་གིས་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་བཅུ་དྲུག་ཉིན་ནས་བཟུང་ཝུའུ་ཁི་ལན་དུ་འཚམས་འདྲི་བྱེད་པར་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་དེར་རྒྱབ་སྐྱོར་བྱེད་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག