མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་དབུས་ཤར་ས་ཁུལ་དུ་སོང་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལ་བར་འདུམ་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-19 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥེ་ཨར་ཐི་མན་གྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ཚེས་བཅུ་དགུའི་ཉིན་དབུས་ཤར་ས་ཁུལ་དུ་སོང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལ་བར་འདུམ་བྱེད་རྒྱུ་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེའི་ཕྱི་དྲོར་དབུས་ཤར་གྱི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས། ཧྥེ་ཨར་ཐི་མན་གྱིས་གནས་ཚུལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། ཕན་ཅི་ཝུན་དབུས་ཤར་ས་ཁུལ་དུ་སོང་ནས། ས་ཁུལ་དང་རྒྱལ་སྤྱིའི་ཕྱོགས་སོ་སོའི་བར་མཐུན་སྦྱོར་བྱེད་པ་དང་། དྲག་ཤུགས་མཇུག་སྒྲིལ་བའི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་རེད་ཟེར།

ཧྥེ་ཨར་ཐི་མན་གྱིས་ཡང་བསྐྱར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་པ་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་འཁོན་ལན་སློག་པའི་དཔུང་འཇུག་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ལས་འགན་ཁུར་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་སླར་གསོ་བྱས་ཏེ། ལོ་ངོ་བཅུ་ཕྲག་འགའི་རིང་གི་འཁྲུག་རྩོད་དང་བཙན་བཟུང་གནད་དོན་ཐག་གཅོད་བྱེད་པ་ནི་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་ལྟ་ཞིབ་པ་མན་སུའུ་ཨར་གྱིས་ཚོགས་ཐོག་ནས་བཤད་རྒྱུར། དུས་ཚོད་ཉེར་བཞི་ཙམ་གྱི་རིང་། དབྱི་སི་རལ་གྱི་འཇབ་རྒོལ་ལས་བྱིས་པ་མང་བོ་དང་བཅས་པའི་ཕཱ་ལེ་སི་ཐན་གྱི་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཁོས་དབྱི་སི་རལ་གྱིས་དམག་དོན་ཆམ་ཕབ་ལ་བརྟེན་ནས་ཕཱ་ལེ་སི་ཐན་པའི་མཐུན་སྒྲིལ་དང་མཉམ་འབྲེལ་སྲིད་གཞུང་ལ་གཏོར་བརླག་གཏོང་རྩིས་བྱས་པར་སྐྱོན་འཛུགས་བྱས་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག