ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་ནས་དཔུང་འཇུག་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ནི་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ལག་ཆ་ཅི་ཡང་མེད་པའི་མི་སེར་དཀྱུས་མར་སྤྱད་པའི་ལུགས་མེད་ཀྱི་འགུལ་སྐྱོད་ཅིག་ཡིན་པར་འདོད་ཡོད་ཟེར།
ཅོར་ཏན་གྱི་གསར་འགྱུར་བློན་ཆེན་དང་སྲིད་གཞུང་གི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་འཁུར་མཁན་མུའུ་མཱ་ནེ་ཡིས་ཉིན་དེར་སྤེལ་བའི་སྲིད་གཞུང་གི་གསལ་སྒྲོག་ནང་བཤད་རྒྱུར། ཅོར་ཏན་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་འགྱུར་ལྡོག་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་གྲོགས་པོའི་རྒྱལ་ཁབ་དག་ནས་ཕྱི་འབྲེལ་གྱི་འབད་བརྩོན་བྱེད་བཞིན་ཡོད། དབྱི་སི་རལ་གྱིས་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཅོར་ཏན་གྱི་འཐུས་མིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་གྲོས་ཚོགས་བསྡུ་དགོས་པའི་རེ་བ་བཏོན་ཡོད་ཟེར། ཁོས་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་དེ་འདྲ་སྤེལ་བ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་ཡོད་པ་དང་། དེས་ས་ཁུལ་དེ་དྲག་ཤུགས་དང་ཆགས་འཇིག་གི་ཀློང་དུ་འཁྲིད་སྲིད་ལ། དབྱི་སི་རལ་གྱི་བདེ་འཇགས་དང་བརྟན་འཇགས་ལའང་འཇིགས་ཐེབས་སྲིད་པ་བསྙོན་མེད་ཡིན་ཟེར།
ཉིན་དེར། ཅོར་ཏན་གྱི་རྒྱལ་ས་དང་བཅས་པའི་གྲོང་ཁྱེར་མང་བོ་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། ཞོར་དུ་ཅོར་ཏན་གྱི་གཡུལ་སའི་སྨན་ཁང་གིས་ཅཱ་ཧྲ་ས་ཁུལ་ནས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་འགུལ་སྐྱོད་སྤེལ་ཏེ། རྨས་མར་གསོ་བཅོས་བྱས་པར་མ་ཟད། ཁྲག་འབུལ་བ་དང་སྨན་བཅོས་ཡོ་བྱད་དང་སྨན་རྫས་སོགས་ཞལ་འདེབས་སུ་འབུལ་བར་རྩ་འཛུགས་བྱས་ནས་ཕཱ་ལེ་སི་ཐན་གྱི་རྨས་མ་སྐྱོབ་པར་རོགས་རམ་བྱས། །