མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དོན་དངོས་འགུལ་སྐྱོད་ལས་མན་ཏི་ལཱའི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-19 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ནི་མན་ཏི་ལཱའི་རྒྱལ་སྤྱིའི་ཉིན་མོ་ཐེངས་ལྔ་བ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་ཞུ་ཚིག་ཕུལ་ཏེ། མི་རྣམས་ཀྱིས་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་མན་ཏི་ལཱའི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེ་ནི་མན་ཏི་ལཱ་སྐུ་གཤེགས་རྗེས་ཀྱི་མན་ཏི་ལཱའི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་ཡིན། ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མན་ཏི་ལཱ་ན་ནིང་སྐུ་གཤེགས་པ་དང་། འཛམ་གླིང་ལ་ཕུལ་དུ་བྱུང་བའི་གཙོ་འཛིན་ཞིག་ཇེ་ཉུང་དུ་སོང་བ་རེད། མི་རྣམས་ཀྱིས་ཁོང་གི་ལོ་རྒྱུས་ཤུལ་བཞག་ལ་རྗེས་དྲན་བྱེད་ཅིང་། ལྷག་པར་དུ་ཁོང་གི་སྐྱེས་སྐར་ཏེ་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་རྗེས་དྲན་བྱ་འགུལ་སྤེལ་བ་རེད།

ཕན་ཅི་ཝུན་གྱིས་བཤད་རྒྱུར། མན་ཏི་ལཱ་སོགས་བློ་ལྡན་མི་སྣའི་འབད་བརྩོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་རིགས་རྒྱུད་ལོགས་སུ་བཀར་བའི་གནད་དོན་དེ་ལོ་རྒྱུས་སུ་གྱུར་ཡོད་ཀྱང་། སའི་གོ་ལཱ་དང་མིའི་རིགས་སྔར་བཞིན་དབུལ་ཕོངས་དང་མཐོང་ཆུང་། ནམ་ཟླའི་འགྱུར་ལྡོག འཁྲུག་རྩོད་སོགས་འཇིགས་ཉེན་ཚབས་ཆེན་ལ་འཕྲད་ཡོད། མན་ཏི་ལཱའི་རྒྱལ་སྤྱིའི་ཉིན་མོས་ང་ཚོས་འགུལ་སྐྱོད་སྤེལ་བར་འབོད་སྐུལ་གཏོང་བཞིན་ཡོད་ལ། ང་ཚོས་སྡོད་ཁུལ་གྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ཐད་སེམས་ཤུགས་བཏོན་ནས་ཁོང་གི་སྐྱེས་སྐར་ལ་རྗེས་དྲན་བྱས་ཆོག ང་ཚོས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་སྔར་ལས་མཛེས་སྡུག་གི་མ་འོངས་པ་འཛུགས་སྐྲུན་བྱེད་དགོས། དེ་ནི་ང་ཚོའི་རྗེས་དྲན་བྱ་འགུལ་གྱི་གལ་ཆེ་བའི་དོན་སྙིང་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པས་ཀྱང་ཉིན་དེར་དངོས་གཞི་མིན་པའི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མན་ཏི་ལཱའི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྲི་ཡིས་ཚོགས་ཐོག་ནས་བཤད་རྒྱུར། ལོ་རེའི་མན་ཏི་ལཱའི་རྒྱལ་སྤྱིའི་ཉིན་མོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་རྣམས་ཀྱིས་མི་སྒེར་གྱི་སྐར་མ་རེ་བདུན་གྱི་དུས་ཚོད་བེད་སྤྱད་དེ་མི་གཞན་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ལ། །དེས་མན་ཏི་ལཱ་ཡིས་མིའི་རིགས་ཀྱི་སྤྱི་ཕན་ལས་དོན་ཐད་ལོ་ངོ་རེ་བདུན་རིང་འབད་བརྩོན་བྱས་པ་མཚོན་ཡོད་ཟེར། ཨ་ཧྲི་ཏོན་གྱིས་བཤད་རྒྱུར། སའི་གོ་ལཱ་དང་མིའི་རིགས་སྔར་བཞིན་འགྲན་རྩོད་མང་བོར་འཕྲད་ཡོད་པས། མི་རྣམས་ཀྱིས་རང་ཉིད་ཀྱི་དུས་ཚོད་དང་སྟོབས་ཤུགས་ཁག་ཅིག་བེད་སྤྱད་དེ་ཚང་མའི་ཐུན་མོང་གི་སའི་གོ་ལ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག