མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་ཨུ་ཡོན་ལྷན་ཁང་གིས་འཇར་པན་གྱི་འདོད་སེལ་བུད་མེད་ཀྱི་གནད་དོན་ལ་དོ་སྣང་བྱེད་བཞིན་ཡོད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་རི་ནེ་ཝ་ནས་གྲོས་ཚོགས་བསྡུས་ཏེ། འཇར་པན་གྱིས་སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཁེ་ཕན་གྱི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་གཏན་འཁེལ་དངོས་འབེབ་བྱེད་པའི་དུས་བཅད་སྙན་ཞུ་ཐེངས་དྲུག་པར་གྲོས་ཞིབ་བྱས། དེའི་སྐབས་སུ་འདོད་སེལ་བུད་མེད་ཀྱི་གནད་དོན་དེ་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ། ཨ་ཧྥེ་རི་ཁ་ལྷོ་མའི་འགྲོ་མིའི་ཐོབ་ཐང་གནད་དོན་གྱི་ཆེད་མཁས་པས་མཱ་ཡའོ་ཏིས་ནཱ་ཡིས་གྲོས་ཞིབ་གྲོས་ཚོགས་སྟེང་བསྟན་དོན། འཇར་པན་གྱིས་སྤྲད་པའི་དུས་བཅད་སྙན་ཞུ་ཐེངས་དྲུག་པ་ལས་འཇར་པན་གྱིས་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ནས་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲིར་འགྲེལ་བཤད་གསལ་བོ་བྱས་མེད་པ་དང་། བཅའ་ཁྲིམས་དང་སྲིད་འཛིན་གྱི་བྱེད་ཐབས་གང་འདྲ་སྤྱད་དེ། འདོད་སེལ་བུད་མེད་ཀྱི་ལམ་ལུགས་ཀྱི་གནོད་ཐེབས་མཁན་ལ་ཕན་ནུས་ལྡན་པའི་སྐྱིན་ཚབ་སྤྲོད་པའི་བརྡ་འཕྲིན་འདོན་སྤྲོད་བྱས་མེད་ཟེར། མཱ་ཡའོ་ཏིས་ནཱ་ཡིས་བཤད་རྒྱུར། འཇར་པན་སྲིད་གཞུང་གིས་རྩོད་གླེང་ཅན་གྱི་གཏམ་བཤད་དང་བྱ་སྤྱོད་ཀྱིས་འཇར་པན་གྱིས་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ནས་དགོངས་དག་ཞུ་བའི་ལྷག་བསམ་ལ་གནོད་པ་ཐེབས་ཡོད་ཟེར།

ཁོ་མོས་དམིགས་སུ་བཀར་ནས་བསྟན་དོན། འཇར་པན་སྲིད་གཞུང་གིས་ད་ལོའི་ཟླ་དྲུག་པར་རྒྱལ་ཚོགས་ལ་ཧི་ཡེའི་གཏམ་བཤད་ཀྱི་རྟོག་ཞིབ་སྙན་ཞུ་སྤྲད་དེ། གནོད་ཐེབས་མཁན་དག་བཙན་གྱིས་བཟུང་བའི་བཤད་ཚུལ་ལ་དོགས་གཞི་ཡོད་པའི་ཚུལ་བསྟན་པ་དང་། བཤད་ཚུལ་དེར་བདེན་དཔང་བྱེད་ཐབས་མེད་ཟེར། བྱ་སྤྱོད་དེས་གནོད་ཐེབས་མཁན་ལ་སྡུག་བསྔལ་ཆེན་པོ་བཟོས་ཡོད།

གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར། སྐབས་དེའི་འཇར་པན་ནེ་ཀིའི་དཔོན་པོ་ཧི་ཡེ་དབྱང་ཕེན་གྱིས་གཏམ་བཤད་སྤེལ་ཏེ། འཇར་པན་དམག་གིས་འདོད་སེལ་བུད་མེད་བཙན་གྱིས་བསྡུས་པ་ཁས་ལེན་བྱས་པར་མ་ཟད། དོན་དེའི་ཐད་ནས་དགོངས་དག་ཞུས། གཏམ་བཤད་དེ་འཇར་པན་སྲིད་གཞུང་གིས་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ངོ་མར་གྱུར།

མཱ་ཡའོ་ཏིས་ནཱ་ཡིས་བསྟན་དོན། ཧི་ཡེ་གཏམ་བཤད་ལས་ལོ་རྒྱུས་ཀྱི་དོན་དངོས་ལ་ཁ་ཕྱོགས་རྒྱུ་ཁས་ལེན་བྱས་ཡོད་པ་དང་། ད་ལྟ་དམ་བཅའ་དེ་ལག་བསྟར་བྱེད་པའི་དུས་ལ་བབས་ཡོད་ཟེར། འཇར་པན་གྱིས་ད་རུང་འདོད་སེལ་བུད་མེད་ཅེས་པའི་མིང་དེ་བཙན་སྐུལ་བྱས་པའི་ལོག་གཡེམ་གྱི་གཡོག་ཏུ་བསྒྱུར་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག