མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུནགྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར།

ཧཱ་ཁི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཚེས་བཅུ་གསུམ་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་བྱེད་པའི་ཐད་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་ཁ་པར་བཏང་། ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་ཁག་བར་གྱི་འཁྲུག་རྩོད་མུ་མཐུད་དུ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མི་སེར་དཀྱུས་མར་ཤི་རྨས་བཟོས་པར་དོ་སྣང་བྱེད་བཞིན་ཡོད་ལ། ཕྱོགས་སོ་སོས་གང་ནུས་ཀྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

ཧཱ་ཁི་ཡིས་བཤད་རྒྱུར། ཕན་ཅི་ཝུན་གྱིས་མུ་མཐུད་དུ་ཕྱི་འབྲེལ་ཐད་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་རང་རང་གི་ཤུགས་རྐྱེན་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་གྲོས་མོལ་སླར་གསོ་བྱེད་པར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་། ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཨེ་ཅིབ་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་དགོས་པའི་སྐུལ་མ་བཏང་།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉེ་སྔོན་ཕན་ཅི་ཝུན་ལ་འཕྲིན་ཡིག་བསྐུར་ཏེ་ཕཱ་ལེ་སི་ཐན་ལ་རྒྱལ་སྤྱིའི་སྲུང་སྐྱོབ་ཐོབ་དགོས་པའི་རེ་བ་བཏོན་པའི་གནས་ཚུལ་ཐད་ནས། ཧཱ་ཁི་ཡིས་ཕན་ཅི་ཝུན་ལ་འཕྲིན་ཡིག་དེ་འབྱོར་ཡོད་པར་མ་ཟད། དོན་དེར་ཞིབ་འཇུག་བྱེད་བཞིན་ཡོད་པ་ཁས་ལེན་བྱས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག