མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱིས་དུས་ཚོད་ལྔའི་རིང་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་གཞི་དང་ལེན་བྱས་ཏེ། ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་བཅུ་ནས་བཟུང་དུས་ཚོད་ལྔའི་རིང་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་རྒྱུར་འཐད་པ་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་པ་སེ་ལི་ཡིས་བཏོན་པ་ཡིན་ལ། གྲོས་གཞི་དེའི་དམིགས་ཡུལ་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་མང་བོ་ཅཱ་ཧྲ་ས་ཁུལ་དུ་བསྐྱལ་བའི་ཆེད་དུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་སོར་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན་ཀྱང་། གྲོས་གཞི་དེ་ལ་ད་རུང་ཧཱ་མཱ་སིའི་ཕྱོགས་ཀྱིས་རྣམ་འགྱུར་ཅི་ཡང་བསྟན་མེད།

དབྱི་སི་རལ་གྱིས་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་ནང་བསྟན་དོན། གལ་ཏེ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ་དབྱི་སི་རལ་ལ་ཧཱ་མཱ་སི་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་གཞན་པའི་མེ་ཤུགས་འཕུར་མདའི་དཔུང་འཇུག་ཐེབས་ན། དབྱི་སི་རལ་གྱི་དམག་དཔུང་གིས་དེར་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། དབྱི་སི་རལ་སྲིད་གཞུང་གིས་རྗེས་གྲབས་དམག་མི་ཁྲི་བཞིའི་རྨང་གཞིའི་སྟེང་ཡང་བསྐྱར་དམག་མི་སྟོང་བརྒྱད་བསྡུ་རྒྱུ་ཐག་བཅད།

ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་རྣོ་དབལ་སྲུང་བའི་འགུལ་སྐྱོད་ཅེས་པའི་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཕཱ་ལེ་སི་ཐན་གྱི་མི་ཉིས་བརྒྱ་དང་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་ལྔ་བརྒྱ་བདུན་ཅུ་ལྷག་ལ་རྨས་ཕོག་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག