ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཨ་རིའི་གསང་འཕྲིན་ཅུས་ཀྱི་དེ་སྔའི་གླ་པ“མེ་ལོང་ཟུར་གསུམ་མ”ལྟ་སྡིར་རྣམ་གྲངས་དམར་རྗེན་དུ་འདོན་མཁན་ཨའེ་ཏེ་ཧྭ·སི་ནུའོ་ཏེང་གི་ཁྲིམས་རྩོད་པས་ཨུ་རུ་སུར་དུས་ཡུན་ལོ་གཅིག་གི་གནས་སྐབས་ཉེན་གཡོལ་ཆོག་འཐུས་དེ་ཟླ་7ཚེས་31ཉིན་དུས་ཚོད་ཐིམ་རྒྱུ་ཡིན་པས་སི་ནུའོ་ཏེང་གིས་ཨུ་རུ་སུའི་དབང་འཛིན་ལས་ཁུངས་ལ་དེ་གར་སྡོད་ཡུན་ནར་འགྱངས་ཀྱི་འདུན་པ་ཞུས་པ་རེད་ཅེས་བཤད། ཚེས་9ཉིན་སི་ནུའོ་ཏེང་གི་ཁྲིམས་རྩོད་པ་ཁུའུ་ཆེ་ལེ་ནས་སྨྱན་སྦྱོར་ལ་སི་ནུའོ་ཏེང་གིས་ཨུ་རུ་སུའི་ས་མཚམས་ནང་སྡོད་པའི་དུས་བཅད་ནར་འགྱངས་གཏོང་རྒྱུའི་ཞུ་ཡིག་ཕུལ་ཡོད།འོན་ཏེ་སི་ནུའོ་ཏེང་གིས་ཐོབ་ཐང་ཅི་འདྲ་ཞིག་གི་ཐོག་ནས་མུ་མཐུད་ཨུ་རུ་སུར་སྡོད་པའི་རེ་བ་བཤད་མེད།དེ་དག་ཐམས་ཅད་ནི་ཨུ་རུ་སུའི་རྒྱལ་ཕྲན་གནས་སྤོས་ཡུལ་མི་ཅུས་ཀྱི་མཐའ་མའི་གཏན་འབེབས་ལ་ཐུག་ཡོད་ཅེས་བཤད་པ་རེད།
ཨུ་རུ་སུའི《ཚོང་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན།སི་ནུའོ་ཏེང་གིས་གནས་སྐབས་ཉེན་གཡོལ་དུས་ཚོད་ནར་འགྱངས་གཏོང་རྒྱུའི་ཞུ་ཡིག་ཕུལ་བའི་ཐད་རིགས་གཅིག་མཁས་ཅན་གྱིས་ཡོངས་ཁྱབ་ཏུ་སི་ནུའོ་ཏེང་གི་འདུན་པ་ཁས་མ་ལེན་པ་བྱེད་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གནས་སྤོས་ཡུལ་མི་ཅུས་ཀྱི་དཔོན་རིགས་སྤྱི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝོ་ལུའོ་ཧོས་འདི་ག་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་སི་ནུའོ་ཏེང་ལ་དུས་ཡུན་ལོ་གཅིག་གི་གནས་སྐབས་ཉེན་གཡོལ་ཐོབ་ཐང་སྤྲད་པ་དེ་ཨུ་རུ་སུའི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ཡོད།གལ་སྲིད་སི་ནུའོ་ཏེང་གི་གནས་བབ་ལ་སྔར་བཞིན་འགྱུར་ལྡོག་མ་བྱུང་ན་ཁོང་གིས་ཨུ་རུ་སུའི་གནས་སྤོས་ཡུལ་མིའི་སྒྲིག་གཞིར་འབྲེལ་ཡོད་ཞུ་ཡིག་ཕུལ་ཆོག་པ་མ་ཟད་ནར་འགྱངས་གཏོང་བའི་ཐེངས་གྲངས་ལ་ཚོད་འཛིན་ཕོག་མི་སྲིད་ཅེས་བཤད་བྱུང་།
ཨུ་རུ་སུའི་གནས་སྤོས་ཡུལ་མི་ཅུས་ཀྱི་ཅུས་ཀྲང་ལུའོ་མོ་ཏ་ནུའོ་ཕུའུ་སི་ཅིས་ཟླ་བ་དྲུག་པར་སྨྱན་སྦྱོར་ལ་སི་ནུའོ་ཏེང་གི་གནས་སྐབས་ཉེན་གཡོལ་དུས་ཡུན་ནར་འགྱངས་གཏོང་བའི་གནད་དོན་དེ་ས་ཁུལ་གནས་སྤོས་ཡུལ་མི་ཅུས་ཀྱིས་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་རེད་ཅེས་བཤད་མྱོང་ཡོད།ཨུ་རུ་སུའི་ཏུའུ་མ་གྲོས་མི་ཝ་ལེ་ལི·ཤེ་ལེ་ཙི་ཉི་ཨའོ་ཕུའི་བུ་ལུའོ་མན·ཤེ་ལེ་ཙི་ཉི་ཨའོ་ཕུའུ་ཉེ་ཆར་མར་ཏི་ཝེར་བཀག་སྐྱིལ་བྱས་ཡོད།གནས་ཚུལ་སྤེལ་བར་གཞིགས་ན།ལུའོ་མན·ཤེ་ལེ་ཙི་ཉི་ཨའོ་ཕུའུ་ཨ་རིའི་དམིགས་བསལ་ལས་སྒྲུབ་ཅུས་ཀྱི་དམིགས་བསལ་ལས་དོན་པས་ཀོན་ཏའོ་གླིང་ཕྲན་དུ་འཁྲིད་པ་དང་གྱོད་གཞི་དེར་དམིགས་པའི་བདེན་དཔང་ཚོགས་འདུ་ཟླ་7ཚེས་22ཉིན་འཚོག་རྒྱུ་རེད། །