མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཀྲུང་ཨའི་དབར་གྱི་ལོ་འཁོར་གྱི་སྐད་ཆ་ཤོད་རེས་དེས་རྒྱལ་ཁབ་ཆེན་པོའི་དབར་འབྲེལ་བ་དཔེ་གསར་འཛུགས་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-16 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རེས་སྐོར་དྲུག་པའི་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་སྐོར་གྱི་སྐད་ཆ་ཤོད་རེས་དང་རེས་སྐོར་ལྔ་པའི་ཀྲུང་ཨའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཐོ་རིམ་གྲོས་མོལ་ཚེས་9དང་ཚེས་10ཉིན་པེ་ཅིང་དུ་འཚོགས་པ་རེད།རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཀྲུང་ཨའི་དབར་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་སྐབས་ལྷག་བསམ་རྣམ་དག་ངང་ལྟ་ཚུལ་བརྗེ་རེས་བྱས་ཏེ་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཆེ་རུ་ཕྱིན་པ་དང་ཁྱབ་ཆེ་ལ་ཐུན་མོང་གི་ངོས་འཛིན་བྱུང་ནས་ཀྲུང་ཨའི་དབར་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བྱུང་བའི་ངོས་འཛིན་བྱས་པ་རེད།

ཧན་གོའི་ཧུའུ་ཤི་སློབ་ཆེན་གྱི་ཀྲུང་གོ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཆོན་ཅ་ལིན་གྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་དབར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་འཛུགས་པ་དེ་དེང་སྐབས་འཛམ་གླིང་གི་དུས་རབས་ཀྱི་བླང་བྱ་དང་འཚམ་པ་ཞིག་དང་ལུགས་དང་མཐུན་ལ་དགོས་ངེས་ཤིག་ཀྱང་ཡིན་པས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བཤད་པ་རེད།ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འགོ་འཛུགས་མཛད་སྒོའི་ཤིས་ཚིག་ནང“ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་འཛུགས་དགོས”ཞེས་ཐེངས་མང་གླེང་བ་དང་འབྲེལ་ཕྱོགས་གཉིས་པོས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་ཀྲུང་གོ་དང་ཨ་རིས་བརྩི་འཇོག་བྱེད་དགོས་ཞེས་ཀྱང་གསུངས་པ་རེད།ཀྲུང་གོ་དང་ཨ་རི་ཕྱོགས་ཀྱིས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་དེ་གྲུབ་འབྲས་མང་པོ་ཐོབ་པ་མཚོན་ཡོད་ཅེས་བཤད་པ་རེད།

རྒྱ་གར་གྱི་འཐབ་ཇུས་དབྱེ་ཞིབ་ཐད་ཀྱི་བསླབ་པ་རྒན་གྲས་ཤའོ་ཕུ་ལ་ཡིས་ཀྲུང་ཨའི་དབར་འཐབ་ཇུས་དང་དཔལ་འབྱོར་སྐོར་གྱི་སྐད་ཆ་ཤོད་རེས་བྱས་པ་དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད།གནད་དོན་ཚང་མའི་ཐད་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོར་ལྟ་ཚུལ་གཅིག་མཚུངས་ཡོང་མི་སྲིད་ཀྱང་མི་མཐུན་ས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་ཐུབ་ཅེས་བཤད་པ་རེད།

ཨུ་རུ་སུའི《ཚོང་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་ནས་ཀྲུང་ཨའི་དབར་འཐབ་ཇུས་དང་དཔལ་འབྱོར་སྐོར་གྱི་སྐད་ཆ་ཤོད་རེས་བྱེད་པ་དེ་ན་ནིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་བཏོན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་འཛུགས་པའི་བྱ་སྤྱོད་ལག་ལེན་བསྟར་བ་ཞིག་རེད།ཕྱོགས་གཉིས་པོས་ཀྲུང་ཨའི་ཕྱོགས་གཉིས་མ་འཇོག་གྲོས་ཆོད་སྐོར་ལ་གྲོས་མོལ་བྱས་ནས་གྲུབ་འབྲས་ཐོབ་པ་དེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཞིག་ཡིན་པས་ཀྲུང་ཨའི་ཉོ་ཚོང་དོ་སྙོམས་མེད་པ་དང་།མི་དམངས་ཤོག་སྒོར་གྱི་འཛའ་ཐང་དང་མ་འཇོག་ཚོད་འཛིན་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པ་ཡོད་ཅེས་བཤད་པ་རེད།

ཧྥི་ལི་ཕིན་གྱི《འཛམ་གླིང་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་ནས་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཀྲུང་ཨའི་དབར་ལོ་འཁོར་གྱི་སྐད་ཆ་ཤོད་རེས་བྱས་ནས་མཉམ་ལས་རྣམ་གྲངས་ཁག་300ལྷག་ཙམ་ཟིན་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད།འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་འཛམ་གླིང་ཐོག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོ་དང་ཨ་རིར་མི་མཐུན་པའི་ཕྱོགས་ཡོད་ཀྱང་ཁྱབ་ཁོངས་མང་པོའི་ཐད་དཔེར་ན་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་བ་དང་།རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ།དབྱི་རན་གྱི་ཉིང་རྡུལ་གནད་དོན།རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན།གནམ་གཤིས་འགྱུར་ལྡོག་སོགས་ཐད་ལ་ཁེ་ཕན་གཅིག་མཚུངས་ཀྱི་ཕྱོགས་ཀྱང་ཡོད།འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་འགལ་བ་ཉུང་དུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་ལ་ཕན་ཐོགས་ཡོད་པ་སྨྲོས་མེད་རེད་ཅེས་བཤད་པ་རེད།

སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཁྱབ་ཁོངས་ཐད་མཉམ་ལས་བྱེད་པའི་རྣམ་གྲངས་ཁག་90ཙམ་ཟིན་ཡོད་ཅེས་བཤད་པ་རེད།འཇར་མན་གྱི《འཛམ་གླིང་ཚགས་པར》ཐོག་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིའི་སྐད་ཆ་ཞིག་དྲངས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དེ་མི་མཐུན་པའི་ཆ་ལས་མང་བ་ཡོད།གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་།དྲོད་ཁང་གི་རླངས་འབུད་ཉུང་གཏོང་ཐད་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ།ཨ་ཧྥུ་ཀ་ནི་སི་ཐན་དང་དབུས་ཤར་རྒྱུད་ཀྱི་དུས་བབ་སོགས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཁྱབ་ཁོངས་ནང་རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་སྔར་ལས་ཡག་ཏུ་ཕྱིན་ཡོད་པ་དང་དམག་དོན་མཉམ་ལས་སྐོར་གྱི་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དེའང་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག