ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དར་གོས་ལམ་བུའི་སྐོར་བརྗོད་ཚེ། མི་རྣམས་ཀྱི་བློ་ངོར་འཆར་བ་ནི་གནའ་བོའི་རྔ་མོང་ཚོང་པའི་རུ་ཁག་ཁྱུ་གཅིག་གིས་བྱེ་རླུང་ལ་མ་འཛེམ་པར་བྱེ་ཐང་ཆེན་པོའི་ཁྲོད་སྐྱོད་པའི་རྣམ་པ་ཞིག་ཡིན་པ་རེད། ཡིན་ནའང་དུས་རབས་21པར་སླེབས་སྐབས། ཀྲུང་གོས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ཞེས་པའི་བསམ་ཚུལ་བཏོན་པར་རྒྱལ་ཁབ་ཁག་མང་པོའི་ལན་ཆ་ཐོབ་རྗེས། རྒྱལ་ཁབ་ཁག་གི་སྲིད་དོན་མི་སྣ་གཙོ་བོ་དང་རིགས་གཅིག་མཁས་པ། རིག་གནས་པ་བཅས་ཀྱིས་གཅིག་མཇུག་གཉིས་མཐུད་སྒོ་ནས། ལྗང་མདོག་གི་དར་གོས་ལམ་བུ་བཏོད་རྒྱུར་བརྩི་བཀུར་ཞུས་ནས། བྱེ་ཐང་གི་ལམ་དེར་ལྗང་མདོག་གི་མཛེས་རྒྱན་སྤྲོད་རྒྱུའི་རྣམ་པ་བསྟན་ཡོད་པ་རེད།
སྐྱེ་ཁམས་ཤེས་དཔལ་གི་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་སྤྱི་ལོ་2014ལོའི་ལོ་ཚོགས་ཐོག ཀྲུང་གོའི་རྒྱལ་དོན་ཨུ་ཡོན་ཟུར་པ་ཏའེ་པིང་གོ་ཡིས། ཀྲུང་གོའི་སྲིད་གཞུང་གིས་བཟོ་བཞིན་པའི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ཁུལ་གཅིག་དང་ལམ་བུ་གཅིག་ཞེས་པའི་འཆར་འགོད་ནང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱལ་ཡོངས་སུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ཟུར་གསལ་གནང་བ་དང་།
ཏའེ་པིང་གོ་ཡིས་དུས་རབས་གསར་པའི་དར་གོས་ལམ་བུ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་མང་ཆེ་བ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། ཁྱབ་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་འཕེལ་མཐུན་སྦྱོར་ཡག་པོ་མེད་པའི་དཀའ་ངལ་ཆེ་བའི་གནད་དོན་སྔར་བཞིན་ལྷག་ཡོད་པས། ཞི་བདེ་ཡོང་བ་དང་བདེ་འཇགས་ལྡན་པ། གོང་འཕེལ་ཡོང་རྒྱུ། ལས་ཞུགས་ཐུབ་རྒྱུ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་བཅས་ཡོང་རྒྱུ་དེ་ནི་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་ངོས་འཛིན་ལ་འགྱུར་ཡོད་ཅེས་བསྟན་ཡོད་པ་རེད།
ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་ཀྲུང་གོའི་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཐུའུ་ཤིན་ཆོན་གྱིས། དར་གོས་ལམ་བུ་གསར་པའི་འཛུགས་སྐྲུན་ནི་ཀྲུང་གོས་སྣེ་ཁྲིད་བྱེད་པ་དང་དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་ཀྱིས་བཙུགས་པའི་རྣམ་པ་གསར་པའི་མཉམ་ལས་མ་དཔེ་ཞིག་ཡིན་ཞེས་དང་། ཁོང་གིས་ཀྲུང་གོ་ནི་འཕྲོག་བཅོམ་རང་བཞིན་དང་གཉའ་གནོན་རང་བཞིན་གྱི་རྣམ་འགྱུར་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྲོམ་ར་སྒོ་ཕྱེ་དགོས་པའི་བླང་བྱ་བཏོན་མཁན་ཞིག་མིན་པར། རང་འགུལ་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོན་སྐྱེད་དང་ཉོ་ཚོང་གི་གསོན་ཤུགས་མཐོ་རུ་གཏོང་རྒྱུར་རོགས་རམ་དང་ཀྲུང་གོའི་ཐོན་ལས་སྦྲེལ་ཐག་ཆ་ཚང་པོ་དང་མ་དངུལ་ཕོན་ཆེན་ལྡན་པ། བལྟོས་བཅས་ཀྱི་ལག་རྩལ་བཟང་ཆ་བཅས་བེད་སྤྱད་ཏེ། ཀྲུང་གོའི་མ་དཔེ་ཞེས་པ་འདོན་སྤེལ་བྱས་ནས། རང་ཉིད་ཀྱི་གོང་འཕེལ་ཉམས་མྱོང་དང་བསླབ་བྱ་མཉམ་དུ་ལོངས་སྤྱོད་བྱེད་པ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།
ཐེ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་སུའུ་ལ་ཅེས། དར་གོས་ལམ་བུའི་འཛུགས་སྐྲུན་ལ་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས། གལ་ཏེ་སླར་ཡང་སྔོ་ལྗང་ཅན་དང་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ནང་ཞུགས་ཚེ། དར་གོས་ལམ་བུ་གསར་པའི་ནང་དོན་དང་དོན་སྙིང་ཆེ་རུ་འགྲོ་རྒྱུ་དང་། ཀྲུང་གོ་དང་ཐ་ན་འཛམ་གླིང་ཡོངས་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་འགུལ་ཤུགས་སྦྱིན་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།
འཛམ་གླིང་གི་མི་འབོར་ཟམ་མི་ཆད་པར་འཕར་བ་དང་རང་བྱུང་ཐོན་ཁུངས་ཚད་ལས་བརྒལ་ཏེ་གསར་སྤེལ་བྱེད་པ་དང་བསྟུན་ནས། ཁོར་ཡུག་ཇེ་སྡུག་ཏུ་ཕྱིན་པའི་གནད་དོན་དེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ལ་ཐུན་མོང་ཐོག་འཕྲད་པའི་འགྲན་རྩོད་ཞིག་ཡིན། མ་ཨར་ཐའི་ཙུང་ལི་མུ་སུ་སི་ཁེ་ཐེས། དཔལ་འབྱོར་འཕར་སྣོན་དང་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་རྒྱུ་ནི་འཛམ་གླིང་གི་ཁོར་ཡུག་འགྲན་རྩོད་ལ་ཁ་གཏད་གཅོག་པའི་རྨང་རྡོ་ལྟ་བུ་ཡིན་པས། ལས་དོན་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་གནང་ཡོད་པ་རེད། །