ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་བཞིའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཕྱོགས་གསུམ་གྱི་རང་བྱུང་སོལ་རླངས་གནད་དོན་ཐད་ཀྱི་གྲོས་མོལ་དེ་ཟླ་བརྒྱད་པར་སྤེལ་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དེའི་སྔོན་རེ་བ་བྱེད་པ་ལྟར་ཟླ་བདུན་པར་སྤེལ་ཐུབ་རྒྱུ་མ་རེད།
བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཉིས་ཀྱི་རང་བྱུང་སོལ་རླངས་གནད་དོན་གྱི་གྲོས་མོལ་སྤེལ་བའི་དུས་ཚོད་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། ཕྱོགས་གསུམ་གྱི་གྲོས་མོལ་དུས་ཚོད་དེ་ཕྱོགས་གཉིས་ཀྱི་གྲོས་མོལ་དུས་ཚོད་ལ་གཞིགས་ཏེ་ཐག་གཅོད་བྱེད་དགོས་པ་རེད།
ཨུ་རུ་སིའི་ནུས་ཁུངས་པུའུ་ཀྲང་ནོའུ་ཝ་ཁི་ཡིས་དེའི་སྔོན་བསྟན་དོན། ཁོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ནུས་ཁུངས་ཆེད་དོན་པ་ཨིག་ཐིན་ཀི་གཉིས་ཀྱི་གྲོས་མོལ་དེ་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་སྤེལ་རྒྱུ་ཡིན་པར་བཤད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དུས་ཚོད་གསལ་བོ་ཁྱབ་སྒྲོག་བྱས་མེད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དེའི་སྔོན་བསྟན་དོན། ཟླ་བརྒྱད་པའི་སྔོན་ལ་རང་བྱུང་སོལ་རླངས་ཀྱི་གནད་དོན་ཐད་ནས་ཨུ་རུ་སི་དང་ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་ཕྱོགས་གསུམ་གྱི་པུའུ་ཀྲང་རིམ་པའི་གྲོས་མོལ་སྤེལ་བར་རེ་བ་བྱས་ཡོད་ཟེར། གནས་ཚུལ་ཤེས་མཁན་གྱིས་བཤད་ན་གྲོས་མོལ་དེ་ཟླ་བརྒྱད་པར་སྤེལ་རྒྱུ་རེད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཨུ་རུ་སིའི་རང་བྱུང་སོལ་རླངས་ཀུང་ཟིས་དུས་ཡུན་རིང་བོར་གྲུབ་འབྲས་མེད་པའི་གྲོས་མོལ་བྱས་རྗེས། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་ནས་བཟུང་ཝུའུ་ཁི་ལན་ལ་སོལ་རླངས་འདོན་སྤྲོད་བྱེད་པར་མ་དངུལ་སྔོན་ལ་སྤྲོད་དགོས་པའི་ལམ་ལུགས་སུ་བསྒྱུར། རྒྱུ་མཚན་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་སྒོར་དུང་ཕྱུར་བཅུ་ཕྲག་འགའི་དངུལ་བུན་ཆད་ཡོད་པས་རེད། །