མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་གིས་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-14 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་དམངས་དམག་དྲག་ཆས་པས་རྒྱལ་ས་ཏི་ལེ་པའོ་ལིའི་རྒྱལ་སྤྱིའི་གནམ་གྲུའི་ཐང་གི་ཚོད་འཛིན་དབང་ཆ་འཕྲོད་རྩོད་བྱེད་ཆེད་འཁྲུག་རྩོད་དྲག་པོ་བྱས་པ་དང་། ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་ཨ་མེན་གྱིས་ཚེས་བཅུ་གསུམ་ཉིན་ཏི་ལེ་པའོ་ལི་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཉིས་སྟོང་བཅུ་གཅིག་ལོར་ཁཱ་ཀྲ་ཧྥེ་སྲིད་དབང་རྩ་རྫོགས་བྱས་པའི་ཚུན་ལ། ཏི་ལེ་པའོ་ལིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དེ་ནམ་རྒྱུན་མི་ཆོས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་ཅིན་ཐན་དམངས་དམག་གི་དྲག་ཆས་པས་ཚོད་འཛིན་བྱས་ཡོད་པ་དང་། ལི་པུ་ཡཱའི་གསར་བརྗེ་པའི་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་སོགས་ཆོས་ལུགས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་དམངས་དམག་རྩ་འཛུགས་ཀྱིས་གྲུབ་པའི་མཉམ་འབྲེལ་དྲག་ཆས་པས་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་གནམ་གྲུའི་ཐང་ལ་དཔུང་འཇུག་བྱས་ཏེ། གནམ་གྲུ་ཐང་གི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱེད་རྩིས་བྱས།

ཨ་མེན་གྱིས་ལི་པུ་ཡཱའི་སྲིད་གཞུང་གི་ཚབ་བྱས་ཏེ་སྤེལ་བའི་གསལ་སྒྲོག་ནང་དྲག་ཆས་འགུལ་སྐྱོད་དེ་དག་ཁྲིམས་མཐུན་མིན་པ་དང་། རྩ་འཛུགས་དེ་དག་གི་མགོ་ཁྲིད་པར་རྒོལ་གཏམ་དྲག་པོ་བཏང་ཡོད། ཨ་མེན་གྱིས་གསལ་སྒྲོག་ནང་ད་རུང་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཕན་ཚུན་དགྲར་འཛིན་དང་མི་སེར་དཀྱུས་མ་སྡུག་ལ་སྦྱོར་བའི་འགུལ་སྐྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། ཞོར་དུ་ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་ཞིང་ཐད་ཀར་གྱི་གྲོས་མོལ་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

གནམ་གྲུ་ཐང་གི་ཉེ་འདབས་ཀྱི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། འཁྲུག་རྩོད་དྲག་པོ་དེ་ཉིན་དེའི་སྔ་དྲོའི་དུས་ཚོད་དྲུག་ནས་བཟུང་མགོ་བརྩམས་པ་དང་། མེ་ཤུགས་འཕུར་མདའ་དང་བཅས་པའི་མཚོན་ཆ་བེད་སྤྱོད་བྱས། གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ་ཉི་ཤུ་ལྷག་ཡོད་པའི་གྲོང་ཁུལ་ནས་གནམ་གྲུ་ཐང་གི་ཕྱོགས་ནས་འཕྱུར་བའི་དུད་ནག་མཐོང་ཐུབ་ཟེར། ལི་པུ་ཡཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་མ་འོངས་པའི་ཉིན་གསུམ་གྱི་རིང་གི་ཏི་ལེ་པའོ་ལིའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། སླར་གསོ་བྱེད་ཐུབ་མིན་དེ་བདེ་འཇགས་དཔྱད་འཇོག་ལ་རག་ལས་ཡོད་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག