མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-14 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་དཔོན་པོས་ཚེས་བཅུ་གསུམ་ཉིན་བདེན་དཔང་བྱས་དོན། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་བཅུ་བཞི་ཉིན་ནས་བཟུང་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱེད་རྒྱུ་རེད་ཟེར། འཇར་མན་གྱི་གསར་འགྱུར་ལས་རིགས་ཀྱིས་བཤད་རྒྱུར། ཧྲི་ཐེ་ཡུན་མེད་ཨར་གྱི་ཐེངས་འདིའི་འགྲུལ་བཞུད་ནི་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་ལ་བར་འདུམ་བྱེད་པའི་ཆེད་དུ་རེད་ཟེར།

འཇར་མན་གྱི་ཕྱི་འབྲེལ་པུའུ་ཡི་བུད་མེད་མགྲིན་ཚབ་པ་ཞིག་གིས་ཚེས་བཅུ་གསུམ་ཉིན་བདེན་དཔང་བྱས་དོན། ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་བཅུ་བཞི་ཉིན་ནས་བཟུང་དུས་ཡུན་ཉིན་གཉིས་ཀྱི་དབུས་ཤར་ས་ཁུལ་གྱི་འགྲུལ་བཞུད་མགོ་རྩོམ་རྒྱུ་ཡིན་པར་བཤད་ཀྱང་། ཁོ་མོས་ཧྲི་ཐེ་ཡུན་མེད་ཨར་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མགོ་ཁྲིད་པར་ཐུག་འཕྲད་བྱེད་རྒྱུ་ཡིན་མིན་སོགས་ནང་དོན་ཞིབ་རྒྱས་མ་གླེང་།

བསྒྲགས་པའི་གནས་ཚུལ་ལྟར་ན། ཧྲི་ཐེ་ཡུན་མེད་ཨར་གྱིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ལ་ཐུག་འཕྲད་བྱས་ཏེ། མུ་མཐུད་དུ་ཛ་དྲག་ཏུ་འགྱུར་བཞིན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལ་ཇི་ལྟར་བཀག་འགོག་བྱེད་པར་གྲོས་བསྡུར་བྱས།

དེ་ལས་གཞན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཧེ་ཀི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། དབྱིན་ཇི་དང་ཨ་མེ་རི་ཁ། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཅུ་གསུམ་ཉིན་ཝེ་ཡེ་ནཱ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པར་སྐུལ་མ་གཏོང་བར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག