མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་མོལ་ལ་མཇུག་འབྲས་མངོན་གསལ་ཐོབ་མེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-14 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་གྲོས་མོལ་སྐོར་ཐེངས་དྲུག་པས་ཚེས་བཅུ་གསུམ་ཉིན་ཝེ་ཡེ་ནཱ་ནས་ཕྱོགས་གཉིས་དང་ཕྱོགས་མང་བོའི་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་མོལ་བྱ་འགུལ་རབ་དང་རིམ་པ་སྤེལ། རྒྱལ་ཁབ་དྲུག་དང་དབྱི་ལིང་བར་གནད་དོན་གཙོ་བོའི་ཐད་འགལ་བ་ཆེན་པོ་ཡོད་པའི་དབང་གིས་ཕྱོགས་གཉིས་ཀྱིས་ཚེས་ཉི་ཤུའི་ཉིན་གྱི་སྔོན་ལ་ཕྱོགས་ཡོངས་ཀྱི་གྲོས་མཐུན་འགོད་ཐུབ་མིན་དང་། གྲོས་མོལ་གྱི་དུས་ཡུན་ཇེ་རིང་དུ་གཏོང་མིན་མིག་སྔར་ད་རུང་གསལ་བོར་མི་ཤེས།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ལིས་པའོ་ཏུང་བཅས་ཀྱིས་ཉིན་དེའི་ཕྱི་དྲོར་མཉམ་དུ་གྲོས་མོལ་བྱས། དེའི་རྗེས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་སྣེ་ཁྲིད་དེ། དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་གྲོས་མོལ་བྱས། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་རྒྱུར། ཁི་ལེ་ཡིས་ཉིན་དེའི་དགོང་མོར་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཧྲི་ཐེ་ཡུན་མེད་ཨར་གྱིས་གྲོས་མོལ་བྱས་རྗེས་དབྱི་ལིང་གིས་གྲོས་མོལ་བྱེད་སྐབས་བཟོད་སྒོམ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། རྒྱལ་ཁབ་དྲུག་གིས་མཐུན་སྒྲིལ་བྱེད་པའི་རྣམ་འགྱུར་མངོན་ཡོད་པ་དང་། ཐག་གཅོད་ཇུས་གཞི་ཡོད་ཚད་མིག་སྔར་བཤམས་ཡོད་ལ། ད་ལྟ་མཇུག་འབྲས་ཡོད་ཚད་དབྱི་ལིང་ཕྱོགས་ཀྱིས་ཇི་ལྟར་ཐག་གཅོད་བྱེད་པར་རག་ལས་ཡོད། ཚེས་ཉི་ཤུའི་ཉིན་བར་དུས་ཚོད་མང་བོ་མེད་པས་དབྱི་ལིང་གིས་ཡང་བསྐྱར་བསམ་བློ་ཡག་པོ་བཏང་སྟེ། མཇུག་མཐར་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན།

ཀྲ་ལི་ཧྥུའུ་ཡིས་དྲ་ཐོག་ནས་རྒྱལ་ཁབ་དྲུག་གིས་མིག་སྔའི་གོ་སྐབས་བཟང་བོ་དེ་ཤོར་དུ་འཇུག་མི་རུང་བའི་འབོད་སྐུལ་བཏང་བ་དང་། ལོ་ངོ་བཅུ་ལྷག་འགོར་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ཐག་གཅོད་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ཁི་ལེ་ཡིས་ཉིན་དེའི་སྔ་དྲོར་ཨ་ཧྲི་ཏོན་དང་གྲོས་མོལ་མ་བྱས་གོང་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། རྒྱལ་ཁབ་དྲུག་དང་དབྱི་ལིང་གི་བར་སྔར་བཞིན་འགལ་བ་མངོན་གསལ་གནས་ཡོད་པས། གྲུབ་འབྲས་ངེས་ཅན་ཞིག་ཐོབ་མིན་ལ་བལྟ་དགོས་ཟེར། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་ཡིས་ཉིན་དེའི་སྔ་དྲོར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། གྲོས་མོལ་དེར་མྱུར་དུ་གྲུབ་འབྲས་མངོན་གསལ་ཐོབ་པར་མི་སྲིད་པ་དང་། མིག་སྔར་གྲོས་མོལ་དེའི་ཡུན་བསྲིང་དགོས་མིན་ལ་གྲོས་བསྡུར་བྱས་ན་ཅུང་སྔ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག