ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཅུ་གཅིག་ཉིན་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་ཏེ། སོ་སོར་སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་འདེམ་སྒུག་མི་སྣ་ཨ་པུའུ་ཏུའུ་ལཱ་དང་ཅཱ་ནེ་གཉིས་ལ་གྲོས་མོལ་བྱས་ནས། ཙུང་ཐུང་གི་འདེམ་སྒུག་མི་སྣ་དེ་གཉིས་ལ་ཁ་ཏ་བྱས་ཏེ་འདེམ་བསྐོའི་སྟེང་གཡོ་སྒྱུའི་བྱ་ངན་སྤེལ་བའི་འབྲེལ་ཡོད་སྐྱོན་འཛུགས་ལ་རྟོག་ཞིབ་གསལ་བོ་བྱེད་འདོད་པར་མ་ཟད། ཨ་ཧྥུའུ་ཧན་གྱི་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་མི་བྱེད་པ་དང་ཨ་ཧྥུའུ་ཧན་དུ་ནང་འཁྲུག་འབྱུང་བར་སྔོན་འགོག་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་རྩིས་བྱས།
ཁི་ལེ་ཡིས་དེའི་སྔོན་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཨ་པུའུ་ཏུའུ་ལཱ་ལ་ཉེན་བརྡ་བཏང་སྟེ། ཁྲིམས་འགལ་གྱི་བྱེད་ཐབས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་མི་རུང་བ་དང་། གལ་ཏེ་དེ་ལྟར་བྱས་ན་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རོགས་སྐྱོར་མཚམས་འཇོག་རྒྱུ་ཡིན་ཟེར། ཚེས་བཅུ་གཅིག་ཉིན་གྱི་དགོང་མོར། ཁི་ལེ་ཡིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཨ་པུའུ་ཏུའུ་ལཱ་དང་ཅཱ་ནེ་གཉིས་ལ་ཐུག་འཕྲད་བྱས། གནད་དོན་དེའི་ཐད་ནས་ཨ་པུའུ་ཏུའུ་ལཱའི་སྒར་སའི་བུད་མེད་མགྲིན་ཚབ་པ་ཨ་ཧི་མཱ་ཏིས་ཀྱིས་བཤད་རྒྱུར། ང་ཚོས་དྲང་བདེན་ཡིན་པའི་འདེམ་ཤོག་འཕེན་ས་དང་དྲང་བདེན་མིན་པའི་འདེམ་ཤོག་འཕེན་ས་ཁ་ཁར་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར། ཅཱ་ནེའི་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་ཧཱ་མཱ་ཏིས་ཀྱིས་ཁི་ལེ་ཡིས་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱེད་པ་ནི་རྟགས་མཚན་བཟང་བོ་ཞིག་ཡིན་པ་དང་། འདེམ་བསྐོ་ཆེན་མོའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་ཟེར། །