ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་ཏི་ལེའི་རྒྱལ་ས་ཝེ་ཡཱ་ནཱ་རུ་སྤེལ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ཐེངས་དྲུག་པས་ཚེས་བཅུ་གཅིག་ཉིན་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་ཚོགས་བསྡུས་ཏེ། ཚེས་གཉིས་ཉིན་ཚུན་གྱི་གྲོས་མོལ་གནས་ཚུལ་ལ་སྤྱི་བསྡོམས་བྱས་ཤིང་སྔར་ལས་ལྷག་པའི་སྒོ་ནས་བྱ་བར་བཀོད་སྒྲིག་བྱས།
བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་གདན་དྲངས་པ་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་བཅས་ཝེ་ཡེ་ནཱ་རུ་འབྱོར་ནས་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཧཱ་ཧྥུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཁི་ལེ་ཡིས་སྔར་བཞིན་འགལ་བ་ཆེ་བའི་ཕྱོགས་ནས་གྲུབ་འབྲས་ལོན་མིན་ལ་བལྟ་རྒྱུ་མ་ཟད། ཙུང་ཐུང་ཨོ་པཱ་མཱར་གྲོས་གཞི་འདོན་པར་ཞིབ་ཏུ་གྲོས་མོལ་བྱེད་རྒྱུ་རེད་ཟེར།
དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཁི་ལེ་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཨ་ཧྲི་ཏོན་གྱིས་བར་འདུམ་བྱེད་རྒྱུ་རེད་ཟེར།
ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་ཕྱོགས་ཡོངས་ཀྱི་གྲོས་མཐུན་འགོད་པའི་དུས་ཚོད་ཐོན་ལ་ཉེ་བའི་སྐབས་སུ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྐོར་ཐེངས་དྲུག་པར་གྲུབ་འབྲས་ཆེན་པོ་མེད་ལ། གྲོས་མོལ་ཕྱོགས་གཉིས་ཀྱི་བར་གནད་དོན་གཙོ་བོའི་ཐད་སྔར་བཞིན་འགལ་བ་མངོན་གསལ་ཡོད། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས་པ་དེ་གྲོས་མོལ་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་པར་ཕན་ཐོགས་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་ཡོངས་ཀྱི་གྲོས་མོལ་འགོད་པར་རེ་བ་ཆེན་པོ་བཅངས་ཡོད་ཚེ། ཕྱོགས་སོ་སོས་མཇུག་མཐའི་གྲོས་མོལ་གྱི་དུས་ཡུན་ཇེ་རིང་དུ་གཏོང་བར་བཀོད་སྒྲིག་བྱེད་ངེས་རེད་ཟེར།
ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཅིག་པར་དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་བཀོད་པའི་ཐུན་མོང་འགུལ་སྐྱོད་འཆར་གཞི་ལྟར་ན། ད་ལོའི་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་བར། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་གཙོ་བོ་ཁག་ཅིག་མཚམས་འཇོག་པ་དང་། ནུབ་ཕྱོགས་ཀྱིས་དབྱི་ལིང་གི་བཀག་སྡོམ་ཇེ་ཡང་དུ་གཏོང་རྒྱུ་རེད། དེའི་སྐབས་སུ་ཕྱོགས་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་འགོད་པར་ཕྱི་འབྲེལ་ཐད་ནས་འབད་བརྩོན་བྱེད་དགོས་པ་རེད། །