མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་ཐེངས་ཞེ་ལྔ་བ་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-11 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་ཐེངས་ཞེ་ལྔ་བ་ཚེས་བཅུའི་ཉིན་ཀཱ་ནཱའི་རྒྱལ་ས་ཨ་ཁི་ལཱ་ནས་ཚོགས་མགོ་བརྩམས། ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་ཁྲོད། ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔའི་མགོ་ཁྲིད་པས་ཨ་ཧྥེ་རི་ཁ་ནུབ་མའི་བདེ་འཇགས་གནས་བབ་དང་། ཨེ་པའོ་ལཱའི་རིམས་ནད་འགོག་བཅོས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སྐྱེ་དངོས་ཀྱི་བརྡ་འཕྲིན་འཚོལ་སྡུད་མ་ལག་ནང་འདྲེན་བྱས་ཏེ། སྤྱི་དམངས་ལ་སྐྱེ་དངོས་བརྡ་འཕྲིན་མཚོན་བྱེད་གསོག་ཡོད་པའི་སྡོད་དམངས་ལག་ཁྱེར་བཟོས་ཏེ་སྔོན་གྱི་སྡོད་དམངས་དཔང་ཡིག་མེད་པར་གཏོང་དགོས་པའི་གྲོས་གཞི་བཏོན། དེ་ལས་གཞན་ཉེ་སྔོན་གནས་བབ་ཛ་དྲག་ཡིན་པའི་ཨ་ཧྥེ་རི་ཁ་ནུབ་མའི་ཨེ་པའོ་ལཱའི་རིམས་ནད་ཇི་ལྟར་ཐག་གཅོད་བྱེད་པ་དེ་ཡང་གྲོས་གཞི་གཙོ་བོར་གྱུར་ཡོད། རྒྱལ་ཁབ་སོ་སོའི་མགོ་གཙོ་དག་གིས་ད་ལོའི་ལོ་སྟོད་ཀྱི་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་བྱ་འགུལ་དང་འཆར་གཞི་གཙོ་བོར་དཔྱད་འཇོག་བྱེད་རྒྱུ་མ་ཟད། ཙུང་ཐུང་འདེམ་བསྐོ་བྱས་རྗེས་ཀྱི་ནེ་ཀི་ཡཱ་པུ་སོའི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི། ཀཱ་ནཱའི་ཙུང་ཐུང་མཱ་ཧཱ་མཱ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ནི་མི་དམངས་བདེ་སྡོད་ལས་བརྩོན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར། ཁོས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་བྱས་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་རྒྱུན་མཐུད་ཀྱི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཐུས་མི་དབྱེ་པུའུ་ལཱ་ཞེ་ཡིས་ནན་གྱིས་བསྟན་དོན། ཞི་བདེ་དང་བདེ་འཇགས་ནི་སྔར་བཞིན་ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་གྱི་གྲོས་གཞི་གཙོ་བོ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག