མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་འགོ་བའི་རང་བཞིན་མིན་པའི་རིམས་ནད་ཀྱི་འགོག་བཅོས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-11 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་ཚེས་བཅུའི་ཉིན་བཤད་རྒྱུར། འགོ་བའི་རང་བཞིན་མིན་པའི་རིམས་ནད་དེ་འཛམ་གླིང་ཡོངས་ཀྱི་ནད་བསྐྱེད་ཅིང་ཚེ་སྲོག་འཕྲོག་པའི་ནད་རྒྱུ་ཆེས་ཚབས་ཆེན་ཞིག་ཏུ་གྱུར་ཡོད་ཟེར། ཁོ་མོས་རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་འགོ་བའི་རང་བཞིན་མིན་པའི་རིམས་ནད་འགོག་བཅོས་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པས་ཉིན་དེར་འགོ་བའི་རང་བཞིན་མིན་པའི་རིམས་ནད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་དང་དཔྱད་འཇོག་བྱས་ཏེ་ཚོད་འཛིན་དང་སྔོན་འགོག་བྱེད་པའི་མཐོ་རིམ་གྲོས་ཚོགས་བསྡུས། ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། སྙིད་ནད་དང་འབྲས་སྐྲན། གཅིན་སྙི་ཟ་ཁུ། དལ་གཤིས་དབུགས་ལམ་རིམས་ནད་སོགས་འགོ་བའི་རང་བཞིན་མིན་པའི་རིམས་ནད་དེ་ད་ལྟ་འཛམ་གླིང་ཡོངས་སུ་ནད་བསྐྱེད་ཅིང་ཚེ་སྲོག་འཕྲོག་པའི་ནད་རྒྱུ་ཆེས་ཚབས་ཆེན་ཞིག་ཏུ་གྱུར་ཡོད། དེ་བས་མི་དམངས་ཀྱིས་སྤྱི་བའི་སྨན་བཅོས་ཀྱི་གཞི་རྩའི་ངོས་འཛིན་བསྒྱུར་དགོས་ཟེར།

ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་འགོ་བའི་རང་བཞིན་མིན་པའི་རིམས་ནད་ཀྱི་སྔོན་འགོག་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་དང་དོ་མཉམ་མིན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་སྔ་མོ་ནས་ཚེ་སྲོག་ཤོར་བ་བརྒྱ་ཆའི་གྱ་ལྔ་ཙམ་ནི་འགོ་བའི་རང་བཞིན་མིན་པའི་རིམས་ནད་ཀྱིས་བཟོས་པ་རེད་ཟེར། ཁོ་མོས་བཤད་རྒྱུར། དཔལ་འབྱོར་འཕར་སྣོན་དང་དེང་རབས་ཅན། མཁར་གྲོང་ཅན་བཅས་ཀྱིས་འཛམ་གླིང་ཡོངས་ཀྱི་བདེ་ཐང་མིན་པའི་འཚོ་བའི་བྱེད་ཐབས་ཀྱི་སྒོ་གླེགས་ཆེས་ཆེར་ཕྱེས་ཡོད་པ་དང་། ཉེ་བའི་ལོ་ངོ་སུམ་ཅུའི་ནང་ཚོ་འབུད་པའི་སྣང་ཚུལ་སྔར་ལས་ཚབས་ཆེན་རེད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་ཆེས་བདེ་ཐང་མིན་པའི་ཟས་རིགས་དག་རིན་གོང་བདེ་བ་དང་སྟབས་བདེ་ཡིན་ལ། དུ་ཆང་གི་གནོད་པ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཀྱང་ཉམས་དམའ་བར་གནས་ཡོད་ཟེར།

ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་འགོ་བའི་རང་བཞིན་མིན་པའི་རིམས་ནད་དེ་སྨན་བཅོས་སྡེ་ཁག་ཁོ་ནའི་གནད་དོན་ཞིག་མི་བརྩི་བར། ཞིང་ལས་དང་སློབ་གསོ། ཉོ་ཚོང་སོགས་སྡེ་ཁག་གིས་ཀྱང་ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག