ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་དམག་ཕྱོགས་ཀྱི་དཔོན་པོ་ཞིག་གིས་ཚེས་དགུ་ཉིན་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱིས་ཚེས་ཉེར་གཅིག་ཉིན་ཧན་གོའི་ཅི་ཀྲིག་གླིང་ཕྲན་ལྷོ་ངོས་ཀྱི་མཚོ་ཁོངས་ནས་དུས་ཡུན་ཉིན་གཉིས་ཀྱི་མཉམ་འབྲེལ་གྱི་མཚོ་ཐོག་རྒུད་སྐྱོབ་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁས་གྲུ་གཟིངས་གསུམ་དང་གནམ་གྲུ་གཅིག་མངག་གཏོང་བྱས་ཏེ་སྦྱོང་བརྡར་བྱ་འགུལ་དེར་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་གྲུ་གཟིངས་རུ་ཁག་བདུན་པའི་གྲུ་གཟིངས་གཙོ་བོ་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་ཆའོ་ཀྲི་ཧྭ་ཧྲིན་ཏོན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཡོད། ཧན་གོས་གྲུ་གཟིངས་གཉིས་དང་གནམ་གྲུ་གཅིག་མངག་གཏོང་བྱེད་རྒྱུ་ཡིན་ལ། འཇར་པན་ཕྱོགས་ཀྱིས་གྲུ་གཟིངས་གཅིག་དང་གནམ་གྲུ་གཅིག་མངག་གཏོང་བྱེད་རྒྱུ་རེད། ཆའོ་ཀྲི་ཧྭ་ཧྲིན་ཏོན་རྟགས་ཅན་གྱི་གྲུ་གཟིངས་དེ་ཚེས་བཅུ་གཅིག་ཉིན་ཧན་གོའི་ཧྥུའུ་ཧྲན་གྲུ་ཁར་འབྱོར་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་མཁོ་བའི་དངོས་རྫས་ཁ་གསབ་བྱས་རྗེས་ཚེས་བཅུ་དྲུག་ཉིན་ཧྥུའུ་ཧྲན་གྲུ་ཁ་དང་བྲལ་ནས་སྦྱོང་བརྡར་བྱེད་སའི་མཚོ་ཁོངས་སུ་འགྲོ་རྒྱུ་རེད།
ཐེངས་འདིའི་སྦྱོང་བརྡར་ནི་འཇར་པན་གྱི་ཨན་པའེ་སྲིད་གཞུང་གིས་ཟླ་འདིའི་ཚེས་གཅིག་ཉིན་རྩ་ཁྲིམས་འགྲེལ་བཤད་བཟོ་བཅོས་བྱེད་པ་དང་། ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་གཏོང་བའི་ནེ་ཀིའི་གྲོས་གཞིར་ཆོག་མཆན་བཀོད་རྗེས་ཐོག་དང་པོར་ལག་བསྟར་བྱས་པའི་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཞིག་པས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།
ཧན་གོའི་དམག་དཔུང་གི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་དཔོན་པོ་ཞིག་གིས་བསྟན་དོན། དེ་ནི་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་ལོ་རེའི་རྒྱུན་ལྡན་གྱི་མཉམ་འབྲེལ་སྦྱོང་བརྡར་ཞིག་ཡིན་པ་དང་། དམག་དོན་འཐབ་རྩལ་སྦྱོང་བརྡར་གྱི་ཁོངས་སུ་མི་གཏོགས་ལ། སྦྱོང་བརྡར་དེ་གཙོ་བོ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་བྱ་འགུལ་ལ་གཞོལ་ཡོད་ཟེར།
ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་ན་ནིང་ཟླ་བཅུ་བར་ཕྱེད་གླིང་ལྷོ་ངོས་ཀྱི་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། སྐབས་དེ་དུས་ཀྱང་ཨ་མེ་རི་ཁའི་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་ཆའོ་ཀྲི་ཧྭ་ཧྲིན་ཏོན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་སྦྱོང་བརྡར་ལ་ཞུགས་ཡོད། །