ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་པུའུ་ཀྲང་ཨུ་ཡོན་ལྷན་ཁང་གིས་ཚེས་དགུའི་ཉིན་མིའི་ལུས་ཀྱི་དབང་བོ་བརྗེ་བ་དེས་བདེ་ཐང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལ་གྲོས་འཆམ་བྱུང་སྟེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཁྲིམས་འཛུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཁྲིམས་འགལ་གྱིས་མིའི་ལུས་ཀྱི་དབང་བོ་བརྗེ་བར་སྔོན་འགོག་བྱེད་པ་དང་། མིའི་ལུས་ཀྱི་དབང་བོ་ཉོ་འཚོང་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་།
སྤྱི་ཆིངས་ལས་བསྟན་དོན། མིའི་ལུས་ཀྱི་དབང་བོ་བརྗེ་བར་ངེས་པར་དུ་བཅའ་ཁྲིམས་ཀྱི་གཏན་འཁེལ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། ངེས་པར་དུ་མངོན་གསལ་དང་དྲང་བདེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་དགོས་ལ། རྣམ་པ་གང་རུང་གི་མིའི་ལུས་ཀྱི་དབང་བོའི་ཉོ་འཚོང་བྱེད་པའི་བྱ་སྤྱོད་དེ་ཁྲིམས་འགལ་དུ་གཏོགས་པ་ཡིན་ཟེར། དེ་མིའི་རྩ་བའི་ལ་རྒྱ་ལ་འབྲེལ་བ་ཡོད། མིའི་ལུས་ཀྱི་དབང་བོ་ཉོ་འཚོང་བྱས་པའི་གནོད་ཐེབས་མཁན་ལ་མཚོན་ན། སྤྱི་ཆིངས་དེས་སྲུང་སྐྱོབ་གྲོས་གཞི་དང་སྐྱིན་ཚབ་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
སྤྱི་ཆིངས་དེ་ལས་མིའི་ལུས་ཀྱི་དབང་བོ་བརྗེ་པར་ངེས་པར་དུ་དབང་བོ་འདོན་སྤྲོད་མཁན་གྱི་རིག་པ་གསལ་བའི་གནས་ཚུལ་འོག་མངོན་གསལ་གྱིས་འཐད་པ་ཡིན་དགོས་པ་དང་། གལ་ཏེ་ལུས་ཀྱི་དབང་བོ་འདོན་སྤྲོད་མཁན་ཚེ་ལས་འདས་ན། ལུས་ཀྱི་དབང་བོ་བརྗེ་བར་ངེས་པར་དུ་ཁྲིམས་ལྟར་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་པར་བྱེད་དགོས། དེ་ལས་གཞན་ལུས་ཀྱི་དབང་བོ་འདོན་སྤྲོད་བྱེད་མཁན་དང་མི་གཞན་པ་གང་ཡིན་རུང་། ལུས་ཀྱི་དབང་བོ་བརྗེ་བའི་བརྒྱུད་རིམ་ཁྲོད་དཔལ་འབྱོར་གྱི་ཁེ་སྤོགས་གང་ཡང་ལེན་མི་རུང་། །