མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི23རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-09 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་བདེ་འཇགས་མི་སྣས་ཚེས་བརྒྱད་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་བཅུ་ལྷག་ལ་རྨས་ཕོག ཞོར་དུ་ཕཱ་ལེ་སི་ཐན་དྲག་ཆས་མི་སྣས་ཉིན་དེར་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་བརྒྱ་ལྷག་གཏོང་འཕེན་བྱས་ཟེར།

དབྱི་སི་རལ་གྱིས་ཉིན་དེའི་ཞོགས་པར་རྣོ་དབལ་སྲུང་བའི་འགུལ་སྐྱོད་ཅེས་པའི་གཞི་རྒྱ་ཆེ་བའི་དམག་དོན་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། དབྱི་སི་རལ་གྱི་མཁའ་དམག་གིས་བར་མ་ཆད་པར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། ཕཱ་ལེ་སི་ཐན་བདེ་འཇགས་མི་སྣས་བཤད་ན་བར་སྣང་འཇབ་རྒོལ་ཐེངས་བརྒྱ་དང་ཉི་ཤུ་ལྷག་བྱས་སོང་བ་དང་། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བར་མ་ཟད་མི་དགུ་བཅུ་ལྷག་ལ་རྨས་ཕོག་ཟེར། ས་དེའི་སྨན་བཅོས་མི་སྣས་བདེན་དཔང་བྱས་དོན། འདས་པོ་ཉེར་གསུམ་ཡོད་པའི་ཁྲོད་བུད་མེད་དང་བྱིས་པ་མང་བོ་ཡོད་ཟེར།

དེའི་ཞོར་དུ་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་མང་བོས་མུ་མཐུད་དུ་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་དང་། མེ་ཤུགས་འཕུར་མདའ་ལ་ལ་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཨ་ཧྲི་ཁི་ལུང་སོགས་གྲོང་ཁྱེར་དུ་ལྷུང་ཡོད་པ་རེད། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགྲིན་ཚབ་པ་ཞིག་གིས་ཉིན་དེའི་དགོང་མོར་བཤད་རྒྱུར། ཧཱ་མཱ་སིའི་དྲག་ཆས་མི་སྣས་རང་བཟོས་འཕུར་མདའ་བཀོལ་ནས་ཅཱ་ཧྲའི་བྱང་ངོས་ཀྱི་སྤྱི་ལེ་བརྒྱ་དང་བཅུའི་མཚམས་སུ་ཡོད་པའི་དབྱི་སི་རལ་གྱི་ཧེ་ཧྥ་གྲོང་ཁྱེར་དང་། དབྱི་སི་རལ་གྱི་མཚོ་འགྲམ་གྲོང་ཁྱེར་ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་དུ་འཇབ་རྒོལ་བྱས་པ་རེད་ཟེར།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཡང་བསྐྱར་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལ་ཐེ་གཏོགས་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དབྱི་སི་རལ་གྱིས་མྱུར་དུ་ཅཱ་ཧྲ་ས་ཁུལ་གྱི་བར་སྣང་འཇབ་རྒོལ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག