མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་གྱིས་རང་དབང་ཉོ་ཚོང་གི་གྲོས་ཆོད་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-09 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་པའོ་ཐི་ཡིས་ཚེས་བརྒྱད་ཉིན་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་དེ་རྒྱལ་ཁབ་གཉིས་བར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་བཀོད།

ལོ་འགའི་རིང་གྲོས་མོལ་བྱས་པ་བརྒྱུད། ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་གྱིས་རང་དབང་ཉོ་ཚོང་གྲོས་ཆོད་འགོད་པར་གྲོས་འཆམ་བྱུང་བ་དང་། དེ་ལས་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་དེ་འཇར་པན་བར་ཉོ་ཚོང་གྲོས་ཆོད་བཀོད་པའི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་གཙོར་གཉེར་བའི་རྒྱལ་ཁབ་ཐོག་མར་གྱུར་བ་རེད། ཨ་པའོ་ཐི་ཡིས་ཚེས་བརྒྱད་ཉིན་སྤེལ་བའི་གཏམ་བཤད་ཁྲོད། གྲོས་ཆོད་བཀོད་རྗེས་འཇར་པན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་ལ་སྒོ་ཁྲལ་སྔར་ལས་དམའ་བ་དང་། ཨོ་སི་ཁྲུ་ལི་ཡཱའི་སྐམས་ཤ་དང་འོ་ཞོའི་ཐོན་རྫས། འབྲུ་རིགས་སོགས་ཐོན་རྫས་དག་འཇར་པན་གྱི་ཚོང་བར་ཞུགས་པར་སྔར་ལས་སྟབས་བདེ་ཡིན་ཟེར།

འཇར་པན་ནི་ཨོ་སི་ཁྲུ་ལི་ཡཱའི་ཀྲུང་གོའི་རྗེས་ཀྱི་ཉོ་ཚོང་གྲོགས་པོ་གཉིས་པ་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་གྱི་ཉིས་སྟོང་བཅུ་གཉིས་ལོ་ནས་བཅུ་གསུམ་ལོའི་བར་གྱི་ཉོ་ཚོང་འབོར་གྲངས་དེ་ཨོ་སི་ཁྲུ་ལི་ཡཱའི་སྒོར་མོ་ཐེར་ཆེན་བདུན་ལ་བསླེབས་ཡོད། དེ་མ་ཟད་འཇར་པན་ནི་ཨོ་སི་ཁྲུ་ལི་ཡཱའི་ཞིང་ཞོར་ཐོན་རྫས་ཀྱི་ཕྱི་གཏོང་ཚོང་ར་གཉིས་པའང་ཡིན། གྲོས་མཐུན་དེ་བཀོད་པ་ལས་ཨོ་སི་ཁྲུ་ལི་ཡཱ་དེ་འཇར་པན་གྱི་ཉོ་ཚོང་བཀག་རྒྱ་སེལ་བའི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་རྒྱལ་ཁབ་གཙོ་བོར་གྱུར་བ་རེད།

རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་གྲོས་མཐུན་གྱི་ནང་དོན་ཞིབ་མོ་ཁྱབ་སྒྲོག་བྱས་མེད་པ་དང་། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་འབྲེལ་ཡོད་ནང་དོན་དེ་གཟའ་འཁོར་རྗེས་མར་ཁྱབ་སྒྲོག་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག