མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱིས་དབྱི་སི་རལ་གྱིས་མྱུར་དུ་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-09 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་སྲིད་གཞུང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་མྱུར་དུ་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཅོར་ཏན་གྱི་གསར་འགྱུར་བློན་ཆེན་དང་སྲིད་གཞུང་གི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་མཱ་ནེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཅོར་ཏན་གྱིས་དབྱི་སི་རལ་གྱིས་བཙན་འཛུལ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། དབྱི་སི་རལ་གྱིས་མྱུར་དུ་རྣམ་པ་གང་རུང་གི་འཁྲུག་རྩོད་བྱ་འགུལ་མཚམས་འཇོག་དགོས་པའི་རེ་བ་བཏོན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དེར་ཐེ་གཏོགས་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཐེངས་འདིའི་དམག་དོན་འགུལ་སྐྱོད་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་བཟོ་སྐྲུན་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། མི་བཅུ་ཕྲག་འགའ་ལ་ཤི་རྨས་ཐེབས་ཡོད་ཟེར།

མུའུ་མཱ་ནེ་ཡིས་གསལ་སྒྲོག་ནང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་པ་ནན་བཤད་བྱས། ཁོས་བསྟན་དོན། དབྱི་སི་རལ་གྱི་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེས་ཅཱ་ཧྲ་ས་ཁུལ་ཙམ་དུ་མ་ཟད་ས་ཁུལ་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ། དབྱི་སི་རལ་གྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་ཡོད་ཟེར། གསལ་སྒྲོག་ལས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གང་མགྱོགས་ཀྱིས་གྲོས་མོལ་བྱས་ཏེ། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག