ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ་སོགས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་རྩ་འཛུགས་བཅུ་བཞི་ཡིས་ཚེས་བརྒྱད་ཉིན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོར་ཡུག་ཐོན་རྫས་ཀྱི་གྲོས་མཐུན་གྲོས་མོལ་དངོས་སུ་མགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི་ཁོར་ཡུག་ཐོན་རྫས་ཀྱི་སྒོ་ཁྲལ་མེད་པར་གཏོང་བའམ་ཇེ་ཉུང་དུ་བཏང་སྟེ། ཁོར་ཡུག་ཐོན་རྫས་ཀྱི་རང་དབང་ཉོ་ཚོང་ལ་ཡར་སྐུལ་གཏོང་བ་མངོན་འགྱུར་བྱེད་པའི་ཆེད་དུ་རེད།
ད་ལོའི་ཟླ་དང་པོར། གོང་གི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་རྩ་འཛུགས་བཅུ་བཞི་ཡིས་སུའེ་ཙེར་གྱི་ཏཱ་བོ་སི་ནས་མཉམ་དུ་ཁོར་ཡུག་ཐོན་རྫས་ཀྱི་གྲོས་མོལ་འཕེལ་རིམ་མགོ་རྩོམ་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཟླ་འགའི་ནང་གྲ་སྒྲིག་དང་གྲོས་ཁ་བསྡུར་བ་བརྒྱུད། གྲོས་མོལ་དེ་ཚེས་བརྒྱད་ཉིན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་དངོས་སུ་མགོ་བརྩམས།
དེར་ཞུགས་ཀྱི་ཕྱོགས་ཁག་སོ་སོས་ཉིན་དེར་ཐུན་མོང་གསལ་སྒྲོག་སྤེལ་ཏེ། ཁོར་ཡུག་ཐོན་རྫས་ཀྱི་རང་དབང་ཉོ་ཚོང་ལ་ཡར་སྐུལ་གཏོང་བའི་ཆོད་སེམས་བསྟན་པ་དང་། མྱུར་དུ་གྲོས་མཐུན་འགོད་དགོས་པའི་སྐུལ་མ་བཏང་། ཐུན་མོང་གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་སོ་སོའི་ཁོར་ཡུག་ཐོན་རྫས་ཀྱི་གྲོས་མོལ་དེས་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་བོའི་ཉོ་ཚོང་ལམ་ལུགས་ལ་ཤུགས་སྣོན་པ་དང་། ཏའོ་ཧཱ་གྲོས་མོལ་གྱི་འཕེལ་རིམ་ལ་ཡར་སྐུལ་གཏོང་ཐུབ་པར་མ་ཟད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་དག་གི་དཔལ་འབྱོར་ཉོ་ཚོང་གི་འཕེལ་རྒྱས་ལ་ཕན་པ་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།
གྲོས་མོལ་དེར་ནུས་ཁུངས་ཟད་གྲོན་དམའ་བ་དང་ཐན་ཉུང་ལྷད་མེད་ཐོན་རྫས་ང་བཞི་འདུས་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོར་ཡུག་ཐོན་རྫས་ཀྱི་མིང་ཐོ་རྨང་གཞིར་བྱས་ཡོད་ཅིང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁྱབ་ཁོངས་འོག་སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་ཐོན་རྫས་ཀྱི་རང་དབང་ཉོ་ཚོང་མངོན་འགྱུར་བྱེད་པའི་གོ་སྐབས་སྣ་ཚོགས་མངོན་འགྱུར་བྱས་ཏེ། མཇུག་མཐར་གཟིགས་སྐྱོང་སྲིད་ཇུས་ཆེས་ཆེར་ལྡན་པའི་ཐབས་ལ་བརྟེན་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་ཚང་མར་ཁེ་ཕན་ཐོབ་པར་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེར་སྤེལ་མགོ་བརྩམས་པའི་གྲོས་མོལ་དེ་དུས་བཅད་ལྟར་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པ་དང་། གྲོས་མོལ་གྱི་དུས་རིམ་དང་པོར་ཁོར་ཡུག་ཐོན་རྫས་ཀྱི་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བ་སོགས་གྲོས་གཞིར་གཅིག་བསྡུས་ཀྱིས་གྲོས་བསྡུར་བྱེད་རྒྱུ་རེད། །