ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བརྒྱད་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་དྲག་ཤུགས་འཁྲུག་རྩོད་སྔར་ལས་ཚབས་ཆེན་དུ་གྱུར་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་སྟེ་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། མི་སེར་དཀྱུས་མའི་འཚོ་སྡོད་ས་ཁུལ་དུ་གང་འདོད་དུ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ངེས་པར་དུ་མཚམས་འཇོག་དགོས་པར་འདོད། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་སྣ་མང་བོར་ཤི་རྨས་ཐེབས་ཡོད་ཟེར། ཕན་ཅི་ཝུན་གྱིས་ཡང་བསྐྱར་ཕྱོགས་སོ་སོས་གང་ནུས་ཀྱིས་རང་ཚོད་བཟུང་སྟེ། སྔར་ལས་ལྷག་པར་གནས་བབ་ཇེ་སྡུག་ཏུ་འགྲོ་བ་དང་མི་སྣའི་ཤི་རྨས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། དེང་སྐབས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ངེས་པར་དུ་བདེ་ལ་འབབ་དགོས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་གནས་ཚུལ་དེ་ཆབ་སྲིད་དང་བདེ་འཇགས། མི་ཆོས། འཕེལ་རྒྱས་སོགས་ཕྱོགས་བསྡུས་ཀྱི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕན་ཅི་ཝུན་གྱིས་ནམ་རྒྱུན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་འཕེལ་རྒྱས་ལ་དོ་སྣང་བྱེད་བཞིན་ཡོད། ཉིན་འགའི་སྔོན། དབུས་ཤར་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞིའི་ཆེད་མངག་ཕོ་ཉས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་འབྲེལ་འདྲིས་བྱས། དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་པ་སེ་ལི་ཡིས་ཀྱང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་དཔོན་པོར་འབྲེལ་འདྲིས་བྱས་ཟེར། །