མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས་བདུན་ཉིན་བཤད་རྒྱུར། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་དམིགས་ཏེ། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་དྲག་ཆས་ཚོགས་ཁག་གི་ཁྲིམས་འགལ་བྱ་འགུལ་ལ་རྒོལ་གཏམ་བཏང་བ་དང་། ཞོར་དུ་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རང་ཚོད་བཟུང་སྟེ་ས་དེའི་མི་སེར་དཀྱུས་མར་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཉིན་དེར་འབྲེལ་ཡོད་དྲི་བའི་ཐད་ནས་གསར་འགྱུར་ལས་རིགས་ལ་སྤྱི་སྒྲོག་སྤེལ། ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་གྱི་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་གྲོང་ཁྱེར་གྱི་དམངས་ཁྲོད་དྲག་ཆས་པ་ཡང་བསྐྱར་གཅིག་འདུས་བྱས་པ་དང་། ཝུའུ་ཁི་ལན་གྱི་སྲིད་གཞུང་དམག་དཔུང་གིས་བྲེལ་མྱུར་གྱིས་ཆམ་ཕབ་གཏོང་བའི་གནས་ཚུལ་ཤེས་ཡོད་པ་དང་། ཕན་ཅི་ཝུན་གྱིས་དྲག་ཆས་ཚོགས་ཁག་གི་ཁྲིམས་འགལ་བྱ་འགུལ་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཁོས་ད་རུང་ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ཀྱིས་ཚད་ཆེན་པོས་རང་ཚོད་བཟུང་སྟེ། དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་ནས། ས་ཁུལ་དེའི་མི་སེར་དཀྱུས་མར་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་བསྐྱར་སྒྲོག་བྱས་དོན། དམག་དོན་བྱེད་ཐབས་ཁོ་ནར་བརྟེན་ནས་གནད་དོན་ཐག་གཅོད་བྱེད་ཐབས་མེད་པ་དང་། ཕྱོགས་སོ་སོས་ཡང་བསྐྱར་འཁྲུག་རྩོད་མཚམས་འཇོག་པ་རྩ་བ་ཡིན། ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་དྲག་ཤུགས་མཇུག་སྒྲིལ་བ་དང་ཞི་བདེ་ངང་ཉམས་ཉེན་ཐག་གཅོད་བྱེད་པའི་གལ་འགངས་ཧ་ཅང་ཆེ་ཟེར།

ཝུའུ་ཁི་ལན་དམག་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བསྟན་དོན། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་གིས་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་གྲོང་ཁྱེར་གཉིས་བཀག་སྡོམ་བྱས་ཏེ་གྲོང་ཁྱེར་ནང་ཁུལ་གྱི་དམངས་ཁྲོད་དྲག་ཆས་པར་བཙན་གྱིས་མཚོན་ཆ་འཇོག་ཏུ་བཅུག་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཚེས་གསུམ་ཉིན་ནས་ད་ལྟའི་བར། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་གིས་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི། སི་ལཱ་ཝེ་དབྱང་སི་ཁིའི་མཁར་ཁུལ་དང་གྲོང་ཁྱེར་ཉེ་འདབས་སུ་མེ་སྒྱོགས་གཏོང་འཕེན་དང་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག