མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པའི་གསལ་སྒྲོག་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་གྲོས་གཞི་བཞི་བཏོན་ནས། ཁྲའོ་ཞན་དང་ཧན་གོ་ཕྱོགས་གཉིས་ཀྱིས་དགྲར་འཛིན་གྱི་རྣམ་པ་མཇུག་སྒྲིལ་བ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་ལེན་མི་བྱེད་པར། ཞི་བའི་གཅིག་གྱུར་གྱི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པར་མ་ཟད། དེའི་ཐད་ཁོར་ཡུག་གི་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།

ཉིན་དེ་ནི་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བདུན་པའི་ཚེས་བདུན་ཉིན་ཁྲའོ་ཞན་གྱི་རྒྱལ་ཁབ་ཀྲུའུ་ཞི་ཅིན་རི་ཁྲིན་གྱིས་ཧན་གོའི་སྲིད་གཞུང་བར་གཅིག་གྱུར་གྲོས་མོལ་གྱི་འབྲེལ་ཡོད་ཡིག་ཆ་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བའི་ཉིན་མོ་ཡིན་པ་དང་། ཁྲའོ་ཞན་གྱིས་དོན་དེའི་ཐད་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གསལ་སྒྲོག་སྤེལ་བ་རེད།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྟན་དོན། ཐེངས་འདིར་སྤེལ་བའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གསལ་སྒྲོག་ནི་ཁྲའོ་ཞན་གྱིས་སྤེལ་བའི་རིམ་པ་ཆེས་མཐོ་བའི་གསལ་སྒྲོག་ཅིག་ཡིན་པ་དང་། ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པའི་འགན་ཁུར་རྗེས་ཐོག་མར་སྤེལ་བའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གསལ་སྒྲོག་ཅིག་ཀྱང་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མི་རིགས་ཀྱི་ལས་དབང་གི་ཆེད་དུ་ལྷོ་བྱང་ཕྱོགས་གཉིས་ཀྱིས་ངེས་པར་དུ་དགྲར་འཛིན་གྱི་རྣམ་པ་མཇུག་སྒྲིལ་དུ་འཇུག་པ་དང་། ལྟ་སྟངས་གསར་བ་བཟུང་ནས་འབྲེལ་བ་ལེགས་བཅོས་བྱེད་པའི་བགྲོད་ལམ་གསར་འབྱེད་བྱེད་དགོས། ཧན་གོས་ནོར་འཁྲུལ་གྱི་དགྲར་འཛིན་ལྟ་བ་བསྐྱུར་ཞིང་། དགྲར་འཛིན་སྲིད་ཇུས་དེ་འགྲིག་མཐུན་སྲིད་ཇུས་སུ་བསྒྱུར་བ་དང་བཙན་འཛུལ་གྱི་དམག་དོན་སྦྱོང་བརྡར་སྤེལ་མཚམས་བཞག་སྟེ། ཁྲའོ་ཞན་དང་ཧན་གོའི་མགོ་གཙོས་བཀོད་པའི་ལྷོ་བྱང་ཐུན་མོང་བསྒྲགས་གཏམ་སོགས་གྲོས་མཐུན་གལ་ཆེན་དག་ལ་བརྩི་འཇོག་དང་ལག་བསྟར་བྱེད་དགོས་ཟེར།

གསལ་སྒྲོག་ལས་ད་རུང་མི་རིགས་ཀྱི་འབྲེལ་ཐག་དང་སྤུན་ཟླའི་བརྩེ་མདངས་ལ་བར་ཆད་བྱེད་པའི་འབྲེལ་ཡོད་བྱེད་ཐབས་མེད་པར་བཟོས་ཤིང་། འབྲེལ་འདྲིས་དང་འགྲོ་འོང་། མཉམ་ལས་དང་གྲོས་མོལ་བྱེད་པའི་བགྲོད་ལམ་ཞིག་གསར་དུ་བཏོད་དགོས་པའི་འབོད་སྐུལ་བཏང་། འབྲེལ་བ་ལེགས་བཅོས་བྱེད་པའི་བྱེད་ཐབས་ཤིག་ཡིན་པའི་ཆ་ནས། ཁྲའོ་ཞན་ཕྱོགས་ཀྱིས་ལུས་རྩལ་བ་དང་ངར་སློང་རུ་ཁག་ཧན་གོའི་རིན་ཁྲོན་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པར་མངག་གཏོང་བྱེད་རྒྱུ་ཐག་བཅད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག