མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་རྒྱ་མཚོ་ཆེན་མོ་གླིང་གི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-07 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཚེས་དྲུག་ཉིན་གྱི་སྔ་དྲོར་ཡུས་ཐེན་གནམ་གྲུ་ཐང་ནས་སྲིད་གཞུང་གི་ཆེད་བཏང་གནམ་གྲུར་བསྡད་དེ། ནེའུ་ཙེ་ལན་དང་ཨོ་སི་ཁྲུ་ལི་ཡཱ། པཱ་པུའུ་ཡཱ་ཀེ་ནེ་ཡཱ་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་དུ་ཆས། ཨན་པའེ་ཅིན་སན་གྱིས་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་པའོ་ཐི་དང་གྲོས་མོལ་བྱེད་རྒྱུ་མ་ཟད། དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དང་འགོག་སྲུང་སྒྲིག་ཆས་མཉམ་ལས་ཀྱི་འབྲེལ་ཡོད་གྲོས་མཐུན་འགོད་རྒྱུ་རེད།

ཨན་པའེ་ཅིན་སན་གྱིས་ཡུས་ཐེན་གནམ་གྲུ་ཐང་ནས་བཅར་འདྲི་དང་ལེན་བྱེད་སྐབས་ནན་གྱིས་བསྟན་དོན། འཇར་པན་དང་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བའི་དུས་རབས་གསར་བ་གསར་སྐྲུན་བྱེད་འདོད་ཡོད་པ་དང་། ཐེངས་འདིའི་འཚམས་འདྲི་ལས་ཞི་བདེ་རིང་ལུགས་ཀྱི་རྣམ་པ་མངོན་པར་མཚོན་ཡོད། འཇར་པན་དང་ཨོ་སི་ཁྲུ་ལི་ཡཱ་ཡིས་འགོག་སྲུང་སྒྲིག་ཆས་བརྒྱུད་སྤྲོད་བྱེད་པའི་མཉམ་ལས་གྲོས་མཐུན་འགོད་པར་རེ་བ་བཅངས་ཡོད་ལ། ཕྱི་འབྲེལ་ཐད་ནས་མ་ཟད་འགོག་སྲུང་དང་བདེ་འཇགས་འགན་སྲུང་གི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཨན་པའེ་ཅིན་སན་གྱིས་རྒྱལ་ཁབ་སོ་སོའི་མགོ་གཙོ་དང་གྲོས་མོལ་བྱེད་སྐབས་འཇར་པན་གྱིས་ནེ་ཀིའི་གྲོས་ཚོགས་སྟེང་རྩ་ཁྲིམས་ལ་བཟོ་བཅོས་བྱས་ཏེ་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་བར་འགྲེལ་བཤད་བྱེད་པར་ཆོག་མཆན་བཀོད་པའི་གནས་ཚུལ་མཚམས་སྦྱོར་བྱེད་རྒྱུ་རེད། ལྕགས་རིགས་གཏེར་རྡོ་དང་གཤེར་གཟུགས་རང་བྱུང་སོལ་རླངས་སོགས་ནུས་ཁུངས་ཀྱི་མཁོ་འདོན་ལ་འགན་སྲུང་བྱ་ཆེད། ཨན་པའེ་ཅིན་སན་གྱིས་ད་རུང་ཐོན་ཁུངས་ཐད་ཀྱི་འབྲེལ་བར་ཡར་སྐུལ་བྱེད་རྒྱུ་རེད།

ཨན་པའེ་ཅིན་སན་གྱིས་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་གཏམ་བཤད་སྤེལ་རྒྱུ་ཡིན་པ་དང་། ཁོས་རྒྱལ་ཁབ་དེའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གྲོས་མོལ་བྱས་ཏེ་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་རེད།

ཨན་པའེ་ཅིན་སན་ཚེས་དྲུག་ཉིན་གྱི་དགོང་མོར་ཐེངས་འདིའི་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་ནེའུ་ཙེ་ལན་རྒྱལ་ཁབ་ཏུ་འབྱོར་བ་དང་། རྒྱལ་ཁབ་དེ་ནས་ཉིས་སྟོང་བཅུ་གཅིག་ལོའི་ས་འགུལ་གནོད་ཐེབས་ཁུལ་ཁི་ལེ་སི་ཐི་ཆེ་ཆི་རུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། པཱ་པུའུ་ཡཱ་ཞིན་ཀེ་ནེ་ཡཱ་ནས་ཨན་པའེ་ཅིན་སན་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཝེ་ཝ་ཁི་རུ་སོང་ནས་ས་དེའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ་རྒྱུ་རེད། ཨན་པའེ་ཅིན་སན་ཚེས་བཅུ་གཉིས་ཉིན་ཕྱིར་འཇར་པན་དུ་ལོག་པའི་འཆར་གཞི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག