ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཀན་ཏཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་དྲུག་ཉིན་བཤད་རྒྱུར། ཝུ་ཀན་ཏཱའི་ནུབ་ཕྱོགས་ས་ཁུལ་ནས་ཚེས་ལྔ་ཉིན་རིགས་རྒྱུད་ཚོ་ཁག་གི་དྲག་ཆས་ཉེས་ཅན་གྱིས་དམག་སྒར་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་བྱུང་བ་དང་། ཝུ་ཀན་ཏཱའི་དམག་ཕྱོགས་ཀྱིས་འཇབ་རྒོལ་མཁན་ཞེ་གཅིག་བསད་ཟེར།
ཝུ་ཀན་ཏཱའི་མི་དམངས་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཕཱ་ཏིས་ཀྱིས་ཚེས་དྲུག་ཉིན་ཁ་པར་བརྒྱུད་ནས་གསར་འགོད་པའི་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་དེ་དག་གིས་གྲི་སོགས་མཚོན་ཆ་བཟུང་ཡོད་པ་དང་། ཁོ་ཚོས་ཝུ་ཀན་ཏཱའི་ནུབ་ཕྱོགས་ས་ཁུལ་དུ་ཡོད་པའི་དམག་སྒར་ལ་འཇབ་རྒོལ་བྱེད་རྩིས་བྱེད་སྐབས་སྲིད་གཞུང་དམག་དཔུང་གིས་བསད་པ་ཡིན་ཟེར།
ཕཱ་ཏིས་ཀྱིས་བསྟན་དོན། ཝུ་ཀན་ཏཱའི་མི་དམངས་རྒྱལ་སྲུང་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་དེར་བཀག་འགོག་བྱས་པ་དང་། མིག་སྔར་ས་དེའི་གནས་བབ་ཞི་འཇགས་སུ་སོང་ཡོད་ཟེར། ཁོས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་ལྐོག་གི་ཇུས་འགོད་མཁན་སུ་ཡིན་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ས་དེའི་མིས་བཤད་ན་ཤི་བོའི་ཁ་གྲངས་དམག་ཕྱོགས་ཀྱིས་བསྒྲགས་པ་ལས་ཀྱང་མང་ཟེར། །