ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏཱ་པན་གྱི་ཁྲིམས་རྩོད་པའི་ཚོགས་པས་གཙོ་སྒྲུབ་བྱས་པའི་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་བར་ངོ་རྒོལ་བྱེད་པའི་འདུ་ཚོགས་དེ་ཚེས་དྲུག་ཉིན་ཏཱ་པན་གྱི་ཧྲན་ཏེན་སྤྱི་གླིང་ནས་སྤེལ་བ་དང་། ངོ་རྒོལ་མཁན་གྱིས་འཇར་པན་གྱི་ནེ་ཀི་ཡིས་ཟླ་འདིའི་ཟླ་མཐོར་རྩ་ཁྲིམས་ལ་བཟོ་བཅོས་བྱས་ཏེ་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་བར་འགྲེལ་བཤད་བྱེད་རྒྱུ་ཐག་བཅད་པར་ངོ་རྒོལ་བྱས་པར་མ་ཟད། ཞོར་དུ་འཇར་པན་སྲིད་གཞུང་གིས་ན་ནིང་ལོ་མཇུག་གྲོས་མཐུན་བཀོད་པའི་ཆེད་དམིགས་ཀྱི་གསང་རྒྱའི་སྲུང་སྐྱོབ་བཅའ་ཁྲིམས་མེད་པར་གཏོང་དགོས་པའི་རེ་བ་བཏོན།
འཇར་པན་དམངས་གཙོ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་སོགས་དང་གྲོང་ཁྱེར་སྡོད་དམངས་ཀྱི་འཐུས་མི་བཅས་མི་སྟོང་ལྔ་ལྷག་གིས་ཆར་བར་མ་འཛེམ་པར་ཉིན་དེའི་འདུ་ཚོགས་ལ་ཞུགས། མི་རྣམས་ཀྱིས་འཐབ་འཁྲུག་སློང་མི་རུང་བ་དང་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་མི་རུང་བ། ཨན་པའེ་སྲིད་དབང་རྩ་རྫོགས་བྱེད་པ་སོགས་ཀྱི་སྦྱར་ཡིག་བྱང་བུ་མཐོན་པོར་བསྒྲེངས་ཡོད།
འཇར་པན་སྤྱི་ཚོགས་དམངས་གཙོ་ཏང་གི་སྔོན་ཆད་ཀྱི་མགོ་གཙོ་ཧྥུའུ་ཏའོ་རོས་ཧོས་དང་ཏཱ་པན་གྲོང་ཁྱེར་སྡོད་དམངས་ཚོགས་ཁག་གི་འགན་ཁུར་བ་སོགས་ཀྱིས་སྔ་གཞུག་ཏུ་ངོ་རྒོལ་འདུ་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་བ་དེས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་ཞི་བདེའི་བགྲོད་ལམ་བསྙེག་པའི་འཇར་པན་ལ་ཉེན་ཁ་ཆེན་པོ་བཟོ་སྲིད་ཟེར། ཧྥུའུ་ཏའོ་རོས་ཧོས་ཀྱིས་སྔར་ལས་མང་བའི་མི་ཡིས་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་བར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་ཁབ་ཀྱི་གསང་བ་ཕྱིར་ཤོར་དུ་འཇུག་མཁན་ལ་ཆད་གཅོད་ནན་མོ་བྱེད་པར་དམིགས་པའི་ཆེད་དམིགས་ཀྱི་གསང་རྒྱའི་སྲུང་སྐྱོབ་བཅའ་ཁྲིམས་མེད་པར་གཏོང་དགོས་པའི་རེ་བ་བཏོན།
ཏཱ་པན་ཁྲིམས་རྩོད་པའི་ཚོགས་པའི་ཁྲིམས་རྩོད་པ་ཀྲུང་ཁྲོན་གྱིས་བཤད་རྒྱུར། འཇར་པན་སྲིད་གཞུང་གིས་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་རྒྱུ་ཐག་བཅད་པ་དེས་འཇར་པན་ལ་འཐབ་འཁྲུག་འབྱུང་བའི་ཉེན་ཁ་ཇེ་ཆེར་སོང་ཡོད་པ་དང་། ཏཱ་པན་ཁྲིམས་རྩོད་པའི་ཚོགས་པས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཕྱིན་ཆད་ད་རུང་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱས་ཏེ་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་བར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། །