ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ཐུང་ཕའེ་ལོས་སི་ཡིས་ཚེས་དྲུག་ཉིན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་སྟེ། དྲག་ཤུགས་ངོ་རྒོལ་མཚམས་བཞག་ནས། གང་མགྱོགས་ཀྱིས་ཞི་བའི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཕའེ་ལོས་སི་ཡིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དང་ཉེ་བའི་བྱང་ཕྱོགས་མཐའ་མཚམས་སུ་ཡོད་པའི་དབྱི་སི་རལ་གྱི་གྲོང་རྡལ་ཆུང་བ་སི་ཏའེ་ལོ་ཐི་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོང་ཁྲོ་ནི་ཐབས་ཇུས་མིན་པས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཕན་ཚུན་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་ཁྲག་བཞུར་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་ངན་སྐུལ་བྱ་སྤྱོད་སྣ་ཚོགས་མཚམས་འཇོག་དགོས་པ་དང་། ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ལྷོ་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདས་འཇབ་རྒོལ་བྱེད་པ་ཡང་མཚམས་འཇོག་དགོས་ཟེར།
ཕའེ་ལོས་སི་ཡིས་བསྟན་དོན། ཁོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་སྔར་བཞིན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་ཉག་ཅིག་ཡིན་པར་མ་ཟད། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་མུ་མཐུད་དུ་ཞི་བའི་གྲོས་མོལ་བྱེད་པའི་རྨང་གཞི་ཡིན་པར་ཡིད་ཆེས་བྱས་ཡོད། མིག་སྔར་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་དེ་མཚམས་བཞག་ཡོད་པ་དང་། ཁོས་གྲོས་མོལ་དེ་སླར་གསོ་བྱེད་པར་རེ་བ་བྱས་ཡོད་ཟེར།
ཕའེ་ལོས་སི་ཡིས་ད་རུང་ནན་གྱིས་བསྟན་དོན། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་ན་གཞོན་ཧུའུ་ཏིས་ཨར་དམར་གསོད་གཏོང་མཁན་གྱི་ལག་དམར་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱོར་རྒྱུ་ཡིན། བཅའ་ཁྲིམས་ཀྱི་མདུན་ནས་མི་གང་ཡིན་འདྲ་མཉམ་ཡིན་པས། གལ་ཏེ་ལག་དམར་དེ་ཡིའུ་ཐེ་བའི་མི་ཞིག་ཡིན་ཡང་གཞན་པའི་ལག་དམར་དང་ཁྱད་པར་ཅི་ཡང་ཡོད་མི་སྲིད་ཟེར།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་སྔ་དྲོར་ནེ་ཀིའི་རྒྱུན་ལྡན་གྱི་གྲོས་ཚོགས་སྟེང་། དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་ཅཱ་ཧྲ་ས་ཁུལ་ནས་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་གང་ནུས་ཀྱིས་རང་གི་ལྷོ་ཕྱོགས་ས་ཁུལ་གྱི་བདེ་འཇགས་དང་ཞི་འཇགས་སླར་གསོ་བྱེད་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་དང་དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་ཚེས་དྲུག་ཉིན་ཕཱ་ལེ་སི་ཐན་གྱི་ན་གཞོན་ཧུའུ་ཏིས་ཨར་དམར་གསོད་བཏང་བར་དོགས་པ་ཡོད་པའི་ཡིའུ་ཐེ་བའི་མི་འགའ་འཛིན་བཟུང་བྱས། ཉེན་རྟོག་ཕྱོགས་ཀྱི་མཐོ་རིམ་དཔོན་པོ་ཞིག་གིས་བཤད་རྒྱུར། ཡིའུ་ཐེ་བའི་ཐལ་སྤྱོད་ཉེས་ཅན་དག་གིས་ཧུའུ་ཏིས་ཨར་དམར་གསོད་བཏང་བའི་དམིགས་ཡུལ་ནི་ཅང་མ་འགོར་བའི་སྔོན་བཙན་ཁྲིད་བྱས་ཏེ་དམར་གསོད་བཏང་བའི་ཡིའུ་ཐེ་བའི་ན་གཞོན་གསུམ་པོར་འཁོན་ལན་སློག་པའི་ཆེད་དུ་རེད་ཟེར། །