ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་སྲིད་གཞུང་གི་རེ་བ་ལྟར། ད་ལོའི་དབྱར་ཁར་ཧྥ་རན་སི་ནས་ཨ་མེ་རི་ཁར་གཏོང་བའི་གནམ་གྲུ་ཚང་མའི་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
ཧྥ་རན་སིའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། བདེ་འཇགས་བྱེད་ཐབས་ཇེ་དྲག་ཏུང་གཏོང་བའི་ཞོར་དུ་གང་ནུས་ཀྱིས་འགྲུལ་བར་དཀའ་ལས་བཟོ་བར་སྔོན་འགོག་བྱེད་སྲིད་ཀྱང་། སྔར་བཞིན་གནམ་གྲུ་གཏོང་བར་འགོད་འགྱངས་བྱེད་པའི་གནས་ཚུལ་འདྲ་འབྱུང་སྲིད་ཟེར།
སྤྱི་སྒྲོག་དེ་ལས་ད་རུང་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡིས་ཨ་མེ་རི་ཁར་འགྲོ་བའི་འགྲུལ་བ་དག་སྔ་མོ་ནས་གནམ་གྲུ་ཐང་དུ་འབྱོར་བར་དགོས་ངེས་ཀྱི་བཀོད་སྒྲིག་བྱས་ཏེ་སྟབས་མི་བདེ་བའི་གནས་ཚུལ་འདྲ་འབྱུང་བར་སྔོན་འགོག་བྱེད་རྒྱུའི་གྲོས་གཞི་བཏོན་ཡོད་ཟེར།
ཧྥ་རན་སིའི་དབང་འཛིན་ལས་ཁུངས་ཀྱིས་བྱེད་ཐབས་གསར་བའི་བྱེ་བྲག་གི་ནང་དོན་གསལ་བོར་བཤད་མེད་པ་དང་། ཨ་མེ་རི་ཁར་གཏོང་བའི་གནམ་གྲུའི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་པའི་རྒྱུ་རྐྱེན་ཡང་གསལ་བོར་བཤད་མེད། ཡིན་ན་ཡང་བྱེད་ཐབས་དེ་ཨ་མེ་རི་ཁས་རྟེན་གཞི་རྩ་འཛུགས་ཀྱིས་གནམ་གྲུའི་བདེ་འཇགས་ཞིབ་བཤེར་ལ་ཡོལ་ཐུབ་པའི་གཟུགས་འདས་འགད་རྫས་ཤིག་གསར་སྤེལ་བྱེད་བཞིན་ཡོད་པར་བསྒྲགས་པའི་གནས་ཚུལ་དང་འབྲེལ་བ་ཡོད་པར་འདོད།
ཨ་མེ་རི་ཁའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་ཅུའུ་ཡིས་ཉེ་སྔོན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁར་གནམ་གྲུ་ཐད་ཀར་གཏོང་བའི་ཕྱི་རྒྱལ་གྱི་གནམ་གྲུ་ཐང་རེ་འགས་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕྱི་རྒྱལ་གྱི་མནའ་མཐུན་གྲོགས་པོ་དག་དང་འབྲེལ་ཡོད་བརྡ་འཕྲིན་མཉམ་སྤྱོད་བྱེད་བཞིན་ཡོད། རེ་བ་བཏོན་ནས་ཅང་མ་འགོར་བར་དབྱིན་ཇི་རྒྱལ་ཁབ་ཀྱིས་གནམ་གྲུ་ཐང་གི་བདེ་འཇགས་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། །