ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱིས་ཉེ་སྔོན་ཨ་མེ་རི་ཁར་གསང་འཕྲིན་འདོན་སྤྲོད་བྱེད་པའི་རྒྱལ་ཕྲན་མཉམ་འབྲེལ་གསང་འཕྲིན་ཅུའུ་ཡི་གླ་མི་ཞིག་འཛིན་བཟུང་བྱས་པ་དང་། རྒྱལ་ཁབ་དེའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་པའོ་ལིན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཨེ་མའོ་སིན་གདན་ཞུ་བྱས་ཏེ། དོན་དེའི་ཐད་ནས་འགྲེལ་བཤད་བྱེད་དགོས་པའི་རེ་བ་བཏོན།
འཇར་མན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅུ་བཞི་ལོའི་བར། གླ་མི་དེས་བསྡོམས་པས་རྒྱལ་ཕྲན་མཉམ་འབྲེལ་གསང་འཕྲིན་ཅུའུ་ཡི་གསང་བའི་གནས་ཚུལ་ཉིས་བརྒྱ་ནས་སུམ་བརྒྱUསྡེར་དུ་ཉར་གསོག་བྱས་ཡོད་པ་དང་། དེའི་ནངNSAརྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་གནས་ཚུལ་ཡོད། དེའི་རྗེས་ནསUསྡེར་དེ་ཨ་མེ་རི་ཁའི་གསང་འཕྲིན་ཅུའུ་ལ་འདོན་སྤྲོད་བྱས་ཏེ་སྒོར་མོར་བརྗེ་བཞིན་ཡོད་པ་རེད།
སྲིད་གཞུང་ལས་ཁུངས་ཀྱིས་གློ་བུར་བའི་གནས་ཚུལ་འོག་ངོ་གཉིས་མའི་གསང་མྱུལ་བའི་བྱ་འགུལ་རྩོད་ཆོད་པ་རེད། བཤད་ཚུལ་ལྟར་ན། རྒྱལ་ཁབ་བདེ་འཇགས་ཀྱི་འགན་ཁུར་བའི་རྩ་ཁྲིམས་བདེ་སྲུང་ཅུའུ་ཡིས་རྙེད་པའི་གློག་འཕྲིན་ཞིག་ཏུ་རྒྱལ་ཕྲན་མཉམ་འབྲེལ་གསང་འཕྲིན་ཅུའུ་ཡི་གླ་མི་ཞིག་གིས་ཨུ་རུ་སིའི་གསང་འཕྲིན་ལས་ཁུངས་ལ་གསང་འཕྲིན་མཁོ་འདོན་བྱེད་འདོད་ཡོད་པའི་གནས་ཚུལ་ཤེས། ཁུངས་སྣེ་དེ་ལ་བརྟེན་ནས་མི་དེ་སྔ་མོ་ནས་ཨ་མེ་རི་ཁའི་ཕྱོགས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཤེས་པ་རེད།
འཇར་མན་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་པ་གནད་དོན་ཚབས་ཆེན་ཞིག་མིན་ཡང་། ཨ་མེ་རི་ཁས་རྣམ་འགྱུར་གསལ་བོ་བསྟན་ཡོད་པས། འཇར་མན་སྲིད་གཞུང་གིས་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། མིག་སྔའི་བར་དུ་ཨ་མེ་རི་ཁའི་ཕྱོགས་ཀྱིས་མངོན་གསལ་གྱི་རྣམ་འགྱུར་ཅི་ཡང་བསྟན་མེད།
གོང་གི་གསང་མྱུལ་བའི་དོན་རྐྱེན་དེར་འཇར་མན་ནས་ཤུགས་རྐྱེན་ཆེན་པོ་བྱུང་བ་དང་། གསར་འགྱུར་སྨྱན་བྱད་ཀྱིས་ཁྱབ་སྒྲོག་བྱས་པའི་དགོང་མོ་དེར་སྲིད་གཞུང་གིས་བསྟན་དོན། དེ་ནི་ཨ་མེ་རི་ཁའི་འཇར་མན་དུ་གསང་མྱུལ་བྱ་འགུལ་སྤེལ་བའི་གནས་ཚུལ་གསར་བ་ཡིན་པ་དང་། དེས་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་པ་ཐེབས་སྲིད་པ་ལྡོག་ཐབས་མེད་ཟེར། སྲིད་འཛིན་པའི་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཡིས་བཤད་རྒྱུར། གལ་ཏེ་གསང་མྱུལ་བའི་དོགས་ཡོད་གནད་དོན་དེར་མཇུག་འབྲས་བདེན་དཔང་ཐོབ་ན། རྒྱལ་ཁབ་དེའི་གྲོས་ཁང་གི་རང་དབང་ལ་གནོད་པ་ཆེན་པོ་ཐེབས་སྲིད་ཟེར། །