མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་མཱ་སིའི་དཔོན་རིགས་ཀྱིས་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-05 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དཔོན་རིགས་ཀྱིས་ཚེས་བཞི་ཉིན་བཤད་རྒྱུར། ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་པའི་ཐད་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།

མིང་བཤད་མི་འདོད་པའི་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་ཞིག་གིས་ཉིན་དེར་བཤད་རྒྱུར། ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བའི་གནས་ཚུལ་མཐོང་འདོད་མེད་པ་དང་། ཨེ་ཅིབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱི་བར་འདུམ་འོག ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཉིན་དེར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ལེ་པའོ་མན་གྱིས་ཉིན་དེའི་སྔ་དྲོར་གསར་འགྱུར་ལས་རིགས་ཀྱིས་དབྱི་སི་རལ་དང་ཧཱ་མཱ་སིའི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་འདྲི་སྐབས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་རྒྱང་འཕེན་འཕུར་མདའི་གསར་སྤེལ་མཚམས་བཞག་མ་མྱོང་བ་དང་། མུ་མཐུད་དུ་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་བཞིན་ཡོད་པས། ཁོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟད། དབྱི་སི་རལ་སྲིད་གཞུང་གིས་ནོར་འཆུག་ཆེན་པོ་ཞིག་བཟོས་ཡོད་པར་བསམ་ཡོད་ཟེར།

ཉིན་དེའི་དགོང་མོར། ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣས་ཡང་བསྐྱར་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་འགའ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དེ་མ་ཐག་དྲག་ཆས་མི་སྣའི་སྦས་སྐོང་བྱེད་ས་གསུམ་ལ་འགས་གཏོར་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག