ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་བདུན་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕེའོ་ཅིང་ཧུའེ་དང་གླེང་མོལ་གནང་སྐབས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཐུན་མོང་ཐོག་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཐུན་མོང་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞི་དེ་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་འབྲེལ་ཐག་ལྟ་བུའི་གལ་ཆེའི་སྟེགས་བུ་ཞིག་ལ་འགྱུར་བ་བྱ་རྒྱུའི་གྲོས་གཏན་འཁེལ་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་སྤྱི་ལོ་2014ལོའི་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་མི་ཆོས་རིག་གནས་ཐུན་མོང་ཨུ་ཡོན་ལྷན་ཁང་གི་སྤེལ་རེས་མཉམ་ལས་རྣམ་གྲངས་ཀྱི་མིང་ཐོ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་དང་། དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་མོས་མཐུན་གནང་ཡོད་པ་རེད། མིང་ཐོའི་ནང་གཞོན་ནུ་ལོ་ཆུང་གི་སྤེལ་རེས་དང་། སྲིད་གཞུང་བར་གྱི་སྦྱངས་འབྲས་གཟེངས་ཐོན་བྱ་དགའ་བརྗེ་རེས་བྱེད་པ། སྲོལ་རྒྱུན་གྱི་སྒྱུ་རྩལ་མྱོང་རོལ། ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤེལ་རེས་སོགས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་ཁྱབ་ཁོངས་ནང་སྤེལ་རེས་མཉམ་ལས་རྣམ་གྲངས་19ཚུད་ཡོད་པ་རེད། །