ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་གསུམ་ཉིན་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས། འཇར་མན་སྲིད་གཞུང་གི་དཔོན་ཕྱོགས་དྲ་ཚིགས་སྟེང་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། མའོ་ཁི་ཨར་དང་ཨོ་པཱ་མཱ་གཉིས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པ་དང་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་རང་གི་ཤུགས་རྐྱེན་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་གྲོས་མོལ་བྱེད་པར་ཡར་སྐུལ་གཏོང་དགོས་པའི་རེ་བ་བཏོན།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་སོ་སོའི་ཐུན་མོང་དམིགས་འབེན་ནི་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱི་བརྟན་འཇགས་ཡིན་པ་དང་། ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དེ་ཡིན་ཟེར། དེ་ལས་གཞན་མའོ་ཁི་ཨར་དང་ཨོ་པཱ་མཱ་གཉིས་ཀྱིས་ཨུ་རུ་སི་ཡིས་རང་གི་མངའ་ཁོངས་ནས་ཝུའུ་ཁི་ལན་དུ་མཚོན་ཆ་ལྐོག་འདྲེན་བྱེད་པར་ཚོད་འཛིན་ནན་མོ་བྱེད་དགོས་པའི་རེ་བ་བཏོན།
ཉིན་དེའི་སྔ་དྲོར། མའོ་ཁི་ཨར་གྱིས་ད་རུང་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པ་དང་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་གྲོས་མོལ་བྱས་ཏེ་གྲོས་མཐུན་འབྱུང་བར་སྐུལ་མ་གཏོང་དགོས་པའི་རེ་བ་བཏོན།
ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་བསྒྲགས་པའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་གཉིས་ཉིན་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་སྤྱི་སྒྲོག་ལྟར་ན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པ་དང་། ཚེས་ལྔ་ཉིན་གྱི་སྔོན་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་བྱེད་རྒྱུ་རེད། ཕུའུ་ཅིན་གྱིས་ད་རུང་ཝུའུ་ཁི་ལན་གྱི་ཤི་རྨས་དོན་རྐྱེན་ཇེ་མང་དུ་སོང་བ་དང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཡུལ་གྱར་བ་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན། །