མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པའི་འགན་འཁྲི་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-04 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཏཱ་ཨར་པཱ་སི་ཡིས་ཚེས་གསུམ་ཉིན་པེ་རུ་ཐི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པའི་འགན་འཁྲི་དང་ལེན་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བས་ལེ་པཱ་ནུན་ལ་ཐེབས་པའི་གནོད་པ་ཇེ་ཡང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཏཱ་ཨར་པཱ་སི་ཡིས་ཉིན་དེར་ལེ་པཱ་ནུན་སྲིད་གཞུང་གིས་གཏན་འབེབས་བྱས་པའི་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་གྲོས་ཞིབ་བྱེད་པའི་གྲོས་ཚོགས་སྟེང་བཤད་རྒྱུར། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་སྤེལ་བའི་སྙན་ཞུ་ལྟར་ན། ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བ་ས་ཡ་གཅིག་དང་འབུམ་གཅིག་ལ་སབརྒལ་ཡོད་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་ལ་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ་སྲིད། མཐའ་འཁོབ་ཀྱི་རྒྱལ་མཚམས་ས་ཁུལ་རེ་འགར་སི་རི་ཡཱའི་ཡུལ་གྱར་བའི་ཁ་གྲངས་དེ་ས་དེའི་སྡོད་དམངས་ལས་ཀྱང་མང་བ་རེད། དེ་ནི་རྒྱལ་ཁབ་གང་རུང་གིས་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར།

ཏཱ་ཨར་པཱ་སི་ཡིས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བ་ཇེ་མང་དུ་སོང་བ་ལས་ལེ་པཱ་ནུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁུར་བོ་ཇེ་ལྗིད་དུ་སོང་བ་དང་། ཡུལ་གྱར་བ་མང་བོས་ལེ་པཱ་ནུན་གྱི་ངལ་རྩོལ་ཚོང་ར་བཟུང་ཡོད་པས། ལེ་པཱ་ནུན་གྱི་ལས་ཤོར་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བ་དང་། དབུལ་ཕོངས་མི་གྲངས་ཐད་ཀར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རྒྱལ་ཡོངས་སྤྱིའི་མི་གྲངས་ཀྱི་བཞི་ཆའི་གཅིག་ཙམ་ཟིན་ཡོད་ཟེར། དེ་ལས་གཞན་སི་རི་ཡཱའི་ཡུལ་གྱར་བ་ཇེ་མང་དུ་སོང་བ་ལས་ལེ་པཱ་ནུན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་གནས་ཚུལ་ཇེ་སྡུག་ཏུ་སོང་། གཞུང་ལམ་དང་ཆུ་གློག་མཁོ་འདོན། བཙོག་ཆུ་ཕྱིར་འདྲེན་སྒྲིག་ཆས་ལ་ཆད་སྐྱོན་ཆེན་པོ་ཡོད། སི་རི་ཡཱའི་ཉམས་ཉེན་ལས་བྱུང་བའི་གནོད་པ་དེས་བདེ་འཇགས་གནས་བབ་དང་སྲིད་འཛིན་ལས་ཁུངས་ལ་འཇིགས་ཉེན་ཚབས་ཆེན་ཐེབས་ཡོད་ཟེར།

ཏཱ་ཨར་པཱ་སི་ཡིས་བསྐྱར་སྒྲོག་བྱས་དོན། ལེ་པཱ་ནུན་གྱིས་རང་གི་ནུས་པ་ཁོ་ནར་བརྟེན་ནས་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་ཐབས་མེད་པ་དང་། ཁ་གྲངས་ཇེ་མང་དུ་འགྲོ་བཞིན་པའི་འཕྲོད་བསྟེན་དང་སློབ་གསོ། ཆུ་གློག རྨང་གཞིའི་སྒྲིག་ཆས། སྤྱི་བའི་ཞབས་ཞུ། བདེ་འཇགས་རེ་བ་བཅས་བསྐང་ཐབས་མེད་ཟེར། ཁོས་ཡང་བསྐྱར་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་ལེ་པཱ་ནུན་གྱི་མཛའ་མཐུན་རྒྱལ་ཁབ་དག་གིས་མཉམ་དུ་འགན་འཁྲི་དང་ལེན་བྱས་ཏེ། ལེ་པཱ་ནུན་གྱི་རོགས་སྐྱོར་ཇེ་མང་དུ་བཏང་སྟེ། ལེ་པཱ་ནུན་གྱི་དཔལ་འབྱོར་ཉམས་རྒུད་དུ་སོང་ནས་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་དང་། བདེ་འཇགས། བརྟན་འཇགས་བཅས་ལ་འཇིགས་ཉེན་བཟོ་བར་སྔོན་འགོག་བྱེད་དགོས་པའི་ འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག