མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་མཱ་ལིའི་གྲོས་མི་དམར་གསོད་བཏང་བའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-04 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་གསུམ་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། སོ་མཱ་ལིའི་ན་གཞོན་ཏང་གིས་ཉིན་དེར་སོ་མཱ་ལིའི་གྲོས་མི་ཞིག་དམར་གསོད་བཏང་བར་རྒོལ་གཏམ་བཏང་བ་དང་། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པ་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། གྲོས་མི་ཧཱ་དབྱེ་ཏི་དང་ཁོའི་སྐུ་སྲུང་བ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་འགར་རྨས་ཕོག་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་མཱ་ལིའི་ན་གཞོན་ཏང་གིས་གྲོས་མི་ཞིག་དམར་གསོད་བཏང་བར་ཧ་ལས་པའི་ཚུལ་བསྟན་པ་དང་། གནོད་ཐེབས་མཁན་གྱི་ཁྱིམ་མི་དང་སོ་མཱ་ལིའི་མི་དམངས། སྲིད་གཞུང་བཅས་ལ་འཚམས་འདྲི་བྱས་པར་མ་ཟད་རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། ངེས་པར་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་རིགས་ཀྱི་ལག་བསྟར་མཁན་དང་རྩ་འཛུགས་མཁན། རྒྱབ་སྐྱོར་མཁན་བཅས་ཁྲིམས་ལ་སྦྱོར་དགོས་ཟེར། ཞོར་དུ་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་གཏན་འཁེལ་བྱས་པའི་འོས་འགན་ལྟར། དོན་དེའི་ཐད་ནས་སོ་མཱ་ལིའི་དབང་འཛིན་ལས་ཁུངས་དང་མཉམ་ལས་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། བྱེད་ཐབས་སྤྱད་དེ་སོ་མཱ་ལིའི་ཞི་བདེ་དང་བརྟན་འཇགས། བདེ་འཇགས་བཅས་ལ་འཇིགས་ཉེན་བཟོ་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་འདོད་ཡོད་པ་དང་། རིགས་དེ་མཚུངས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་མཱ་ལིའི་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་པ་བསྐྱར་སྒྲོག་བྱས།

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། མེ་མདའ་བཟུང་བའི་མི་ཞིག་གིས་ཉིན་དེར་གྲོས་མི་ཧཱ་དབྱེ་ཏི་ལ་གཏད་ནས་མེ་མདས་འགའ་རྒྱབ་རྗེས་བྲོས་བྱོལ་བྱས་པ་དང་། ཧཱ་དབྱེ་ཏིའི་ལུས་ལ་མདའ་ཕོག་སྟེ་རྐྱེན་ལམ་དུ་ཤོར་ཟེར། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་སོ་མཱ་ལིའི་ན་གཞོན་ཏང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་པར་མ་ཟད། མུ་མཐུད་དུ་སོ་མཱ་ལིའི་སྲིད་གཞུང་གི་དཔོན་རིགས་དང་དམག་དཔུང་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་བཟོ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག