མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་གྱི་ན་གཞོན་དམར་གསོད་བཏང་བའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-03 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གཉིས་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་ཡེ་ལུའུ་སཱ་ལེམ་ནས་བྱུང་བའི་ཕཱ་ལེ་སི་ཐན་གྱི་ན་གཞོན་དམར་གསོད་བཏང་བའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། ཕྱོགས་སོ་སོས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་གནོད་ཐེབས་མཁན་གྱི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། གང་མགྱོགས་ཀྱིས་ཐ་ཤལ་གྱི་བྱ་སྤྱོད་དེ་རིགས་ལག་བསྟར་བྱེད་མཁན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། ཁོས་ཡང་བསྐྱར་ཕྱོགས་སོ་སོས་གནས་བབ་སྔར་ལས་ཛ་དྲག་ཏུ་མི་འགྲོ་བར་འགན་སྲུང་བྱས་ཏེ་སྔར་ལས་མང་བའི་ཤི་རྨས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཚེས་གཉིས་ཉིན་གྱི་ཞོགས་པར་ཡེ་ལུའུ་སཱ་ལེམ་ཤར་མའི་ཧྲུའུ་ཨ་ཧྥ་ཐི་རུ་སྡོད་པའི་ལོ་བཅུ་བདུན་ཡིན་པའི་ཕཱ་ལེ་སི་ཐན་གྱི་ན་གཞོན་ཧུའུ་ཏཱ་དབྱེ་ཨར་མི་གཞན་གྱིས་བཙན་ཤེད་ཀྱིས་རླངས་འཁོར་ཞིག་གི་ནང་ཁྲིད་པ་དང་། ཉིན་དེའི་ཕྱི་དྲོར་ཧུའུ་ཏཱ་དབྱེ་ཨར་གྱི་བེམ་པོ་ཡེ་ལུའུ་སཱ་ལེམ་ཉེ་འདབས་ཀྱི་སྡོང་ར་ནས་རྙེད་པ་དང་བེམ་པོ་མེར་བསྲེག་ཡོད་ཟེར།

དེའི་སྔོན་ཡིའུ་ཐེ་བའི་ན་གཞོན་གསུམ་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་གར་སོང་མ་རྙེད་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཁོ་ཚོ་བཙན་ཁྲིད་བྱས་པར་བསམ་པ་དང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཙན་ཁྲིད་དོན་རྐྱེན་དེ་ནི་ཕཱ་ལེ་སི་ཐན་དབྱི་སི་རལ་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བཟོས་པ་ཡིན་པར་བཤད།

ཡིའུ་ཐེ་བའི་ན་གཞོན་དེ་གསུམ་འཚོལ་ཆེད་དབྱི་སི་རལ་གྱིས་སྤུན་ཟླའི་བདེ་སྲུང་མཁན་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཞིབ་བཤེར་ནན་མོ་བྱས་པར་མ་ཟད། ཕཱ་ལེ་སི་ཐན་གྱི་མི་བཞི་བརྒྱ་དང་ཉི་ཤུ་འཛིན་བཟུང་བྱས། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་དྲག་ཆས་པས་ཉིན་རྒྱུན་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཏེ་འཁོན་ལན་སློག་བཞིན་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་གིས་མཚན་རེ་རེར་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ལ་འགས་གཏོར་གཏོང་བཞིན་ཡོད། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་ཧཱ་ལེ་ཧི་ལེ་གྲོང་རྡལ་ཉེ་འདབས་ནས་ཡིའུ་ཐེ་བའི་ན་གཞོན་གསུམ་པའི་བེམ་པོ་རྙེད་པ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག