ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཨར་ཏའོ་ཝའི་གྲོས་ཁང་གིས་ཚེས་གཉིས་ཉིན་མའོ་ཨར་ཏའོ་ཝ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་ཆོག་མཆན་བཀོད།
འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་དེར་གྲོས་ཁང་གི་གྲོས་མི་བརྒྱ་དང་གཅིག་གི་ཁྲོད་འདེམ་ཤོག་ང་དགུའི་རྒྱབ་སྐྱོར་ཐོབ་པ་དང་། རྩ་ཁྲིམས་ལྟར་ན་གྲོས་ཆོད་དེར་གྲོས་ཁང་གི་གྲོས་མི་མང་ཤོས་ཀྱི་རྒྱབ་སྐྱོར་ཐོབ་ན་གྲོས་འཆམ་བྱུང་བའི་མཚོན་རྟགས་རེད།
མའོ་ཨར་ཏའོ་ཝའི་ཙུང་ཐུང་ཏིས་མའོ་ཧྥུའུ་ཏིས་དང་། ཙུང་ལི་ལེ་ཨན་ཁི་ཉིན་དེའི་གྲོས་ཁང་གི་གྲོས་ཚོགས་ལ་ཞུགས། ལེ་ཨན་ཁི་ཡིས་ཚོགས་ཐོག་ནས་བཤད་རྒྱུར། འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་དེ་མའོ་ཨར་ཏའོ་ཝ་དང་རང་བཙན་མཉམ་འབྲེལ་རྒྱལ་ཁབ་བར་གྱི་ཉོ་ཚོང་གྲོས་ཆོད་དང་འགལ་བ་ཅི་ཡང་མེད་ལ། མའོ་ཨར་ཏའོ་ཝའི་རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་དབུས་གནས་རྒྱལ་ཁབ་ཀྱི་གོ་གནས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར།
ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་པུའུ་ལུའུ་སེར་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་མའོ་ཨར་ཏའོ་ཝ་དང་ཀི་ལུའུ་ཅི་ཡཱ། ཝུའུ་ཁི་ལན་བཅས་རྒྱལ་ཁབ་གསུམ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་དངོས་སུ་བཀོད་པ་རེད། འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱི་གྲོས་ཁང་གིས་ཆོག་མཆན་འགོད་དགོས་པ་རེད། །