ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན་བཅས་ཀྱིས་ཚེས་གཉིས་ཉིན་པའོ་ལིན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཕྱོགས་བཞིའི་གྲོས་མོལ་བསྡུས། ཕྱོགས་བཞིའི་གྲོས་མོལ་གྲོལ་རྗེས་མཉམ་འབྲེལ་སྤྱི་སྒྲོག་སྤེལ་ཏེ། བྱེད་ཐབས་གང་རུང་སྤྱད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མྱུར་དུ་མངོན་འགྱུར་བྱེད་རྒྱུའི་ཁས་ལེན་བྱས།
སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་དང་ཨུ་རུ་སི། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བཅས་ཕྱོགས་གསུམ་གྱི་འཐུས་མིས་གྲུབ་པའི་འབྲེལ་གཏུག་ཚན་ཆུང་གིས་ཚེས་ལྔ་ཉིན་གྱི་སྔོན་ལ་གྲོས་མོལ་སླར་གསོ་བྱས་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དུས་ཡུན་རིང་བོར་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་དེ་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་རྟོག་ཚོགས་པའི་ལྟ་རྟོག་འོག་སྤེལ་དགོས་ཟེར། རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་བྱེད་ཐབས་གང་རུང་སྤྱོད་པ་དང་ཕྱོགས་སོ་སོའི་ཤུགས་རྐྱེན་བེད་སྤྱད་དེ་དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཡར་སྐུལ་བྱེད་པར་འཐད་པ་བྱུང་།
ཨུ་རུ་སིའི་ཕྱོགས་ཀྱིས་བསྟན་དོན། ཝུའུ་ཁི་ལན་ལ་རོགས་རམ་བྱས་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་མཐའ་མཚམས་ཀྱི་ཀུའུ་ཁི་བོ་དང་ཏོན་ནེ་ཚི་ཁི་ཞིབ་བཤེར་ས་ཚིགས་གཉིས་ཚོད་འཛིན་བྱས་ཏེ་ས་དེའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་བྱེད་འདོད་ཡོད་ཟེར། རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ལྟ་ཞིབ་པ་མངག་དགོས་པའི་རེ་བ་བཏོན།
ཧྲི་ཐེ་ཡུན་མེད་ཨར་གྱིས་གྲོས་མོལ་གྲོལ་རྗེས་བཤད་རྒྱུར། ཕྱོགས་སོ་སོས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་བའི་ཐད་གྲོས་མཐུན་བྱུང་ཡོད་ཀྱང་། མཇུག་མཐའི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་ད་རུང་བྱེད་ཐབས་ནུས་ལྡན་སྤྱོད་དགོས་ཟེར།
དེ་ལས་གཞན་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་འཁྲུག་རྩོད་ས་ཁུལ་དུ་བྱ་བ་བྱེད་བཞིན་པའི་རྒྱལ་ཁབ་སོ་སོའི་གསར་འགོད་པའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་ནན་བཤད་བྱས། །