ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱིས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་བདེ་འཇགས་གྲོས་ཚོགས་བསྡུས་ཏེ། རྒྱལ་ས་པེ་རུ་ཐི་དང་བཅས་པའི་རྒྱལ་ཡོངས་ཀྱི་ས་ཆ་སོ་སོས་ཕྱོགས་ཡོངས་ཀྱི་བདེ་འཇགས་འཆར་གཞི་ལག་བསྟར་བྱས་ཏེ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཐག་བཅད།
ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་ཡིས་ཉིན་དེར་ནང་སྲིད་བློན་ཆེན་དང་། རྒྱལ་སྲུང་བློན་ཆེན། དམག་དཔུང་གི་དམག་སྤྱི། བདེ་འཇགས་ལས་ཁུངས་སོ་སོའི་འགན་ཁུར་བ་བཅས་ཞུགས་པའི་བདེ་འཇགས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ནས་ལེ་པཱ་ནུན་ནས་ཉེ་སྔོན་བྱུང་བའི་འཇིགས་སྐུལ་བྱ་འགུལ་དང་ཁྱད་པར་དུ་པེ་རུ་ཐི་ནས་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་ཀྱི་རྟོག་ཞིབ་མཇུག་འབྲས་སྙན་ཞུ་བྱས་པར་ཉན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བར་ཞིབ་འཇུག་བྱས།
ལེ་པཱ་ནུན་གྱི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཁི་པུས་ལེ་ཡིས་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་མཁན་ཚོས་བལྟས་ན་ལེ་པཱ་ནུན་གྱི་བདེ་འཇགས་གནས་བབ་ཧ་ཅང་མི་བཟང་བ་དང་། ངེས་པར་དུ་ལེ་པཱ་ནུན་གྱི་བདེ་འཇགས་དང་བརྟན་འཇགས་ལ་གཏོར་བརླག་བྱེད་འདོད་པའི་གཡོ་ཇུས་གང་རུང་ལ་དོགས་ཟོན་མཐོར་འདེགས་བྱེད་དགོས་པར་བསམ་ཡོད་ཟེར། གྲོས་ཚོགས་ནས་ལེ་པཱ་ནུན་མང་ཚོགས་ཀྱིས་རང་ཉིད་ཀྱི་དམག་དཔུང་དང་དེ་འཇགས་དམག་དཔུང་ལ་ཡིད་ཆེས་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་པ་དང་། བདེ་འཇགས་ལས་ཁུངས་སོ་སོས་མུ་མཐུད་དུ་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་རེ་བ་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཟླ་སྨད་ཀྱི་ཚུན་ལ། པེ་རུ་ཐི་སོགས་ས་ཁུལ་མང་བོའི་བདེ་འཇགས་གནས་བབ་ཡང་བསྐྱར་ཇེ་སྡུག་ཏུ་སོང་བ་དང་། འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་། དེའི་ནང་པེ་རུ་ཐི་ནས་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་སྣ་མང་བོར་ཤི་རྨས་ཐེབས་ཡོད། །