ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་དྷི་ལེ་གསར་བ་ནས་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་འགོག་སྲུང་དང་ཉོ་ཚོང་། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
མའོ་ཏིས་ཀྱིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཉིང་རྡུལ་ནུས་པའི་ལག་རྩལ་དང་འགོག་སྲུང་ཐད་ནས་མུ་མཐུད་དུ་མཉམ་ལས་བྱེད་དགོས་པ་དང་། ཧྥ་རན་སིའི་ཁེ་ལས་རྒྱ་གར་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱས་ཏེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཡར་སྐུལ་བྱེད་པར་དགའ་བསུ་ཞུས།
ཧྥ་པུས་ཡུག་སི་ཡིས་བཤད་རྒྱུར། ཧྥ་རན་སི་དང་རྒྱ་གར་གྱི་འབྲེལ་བ་དེ་ཡིད་ཆེས་དང་གྲོགས་པོའི་རྨང་གཞིའི་སྟེང་བཙུགས་ཡོད་ཅིང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་རྒྱ་གར་བར་གྱི་འགོག་སྲུང་དང་ཉིང་རྡུལ་ནུས་པའི་ལག་རྩལ། ཉོ་ཚོང་དངུལ་གཏོང་། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པར་མ་ཟད། རྒྱ་གར་སྤྱི་དམངས་ཧྥ་རན་སིར་གནས་སྐོར་དུ་འགྲོ་བའི་ལམ་ཡིག་གི་འགྲོ་ལུགས་སྟབས་བདེར་བཟོ་རྒྱུ་ཡིན་ཟེར།
འཚམས་འདྲི་བྱེད་སྐབས་ཧྥ་པུས་ཡུག་སི་ཡིས་ད་རུང་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སི་ཝ་ལཱ་ཅེ་དང་རྒྱལ་སྲུང་པུའུ་ཀྲང་ཅཱ་དབྱེ་ཐི་ལེ་གཉིས་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཧྥ་རན་སི་ཡིས་རྒྱ་གར་ལ་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཕྱིར་འཚོང་བྱེད་པའི་གྲོས་མོལ་འཕེལ་རིམ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། །