ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ལ་ཁ་པར་གཏོང་སྐབས་བསྟན་དོན། ཝུའུ་ཁི་ལན་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དག་གིས་མཉམ་དུ་འབད་བརྩོན་བྱས་ཏེ། ཝུའུ་ཁི་ལན་གྱིས་མྱུར་མོར་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཁི་ལེ་དང་ཁ་པར་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་ཡུན་ཇེ་རིང་དུ་མི་གཏོང་བར་ཐག་བཅད་པ་དེས་ཨུ་རུ་སི་དང་ཧྥ་རན་སི། འཇར་མན། ཝུའུ་ཁི་ལན་བཅས་ཕྱོགས་བཞིས་དེའི་སྔོན་བཀོད་པའི་ཐུན་མོང་ལྟ་ཚུལ་ལ་གཏོར་བརླག་བྱས་པ་དང་། དེས་ཝུའུ་ཁི་ལན་རྒྱལ་ནང་དུ་ཁྲག་བཞུར་འཁྲུག་རྩོད་སྐོར་ཐེངས་གསར་བ་བསླངས་ཏེ་ཝུའུ་ཁི་ལན་སྔོན་དཔག་བྱེད་དཀའ་བའི་མཇུག་འབྲས་ཚབས་ཆེན་བཟོ་སྲིད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ངོ་རྒོལ་མཁན་ལ་དྲག་གནོན་བྱེད་པའི་བྱེད་ཐབས་དེ་དང་ལེན་བྱེད་ཐབས་མེད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་སྲིད་གཞུང་གིས་ནག་ཉེས་བྱ་སྤྱོད་དེ་མཚམས་འཇོག་པའི་ཁ་ཏ་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཝུའུ་ཁི་ལན་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དག་གིས་མཉམ་དུ་འབད་བརྩོན་བྱས་ཏེ། ཝུའུ་ཁི་ལན་གྱིས་མྱུར་དུ་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་ཡར་སྐུལ་བྱས་ནས། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བ་དང་ཕྱོགས་གཉིས་ཀྱི་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་མགོ་རྩོམ་དགོས་པའི་འབོད་སྐུལ་བཏང་།
སྤྱི་སྒྲོག་ལས་བཤད་རྒྱུར། ཁི་ལེ་ཡིས་ཨུ་རུ་སིའི་ལྟ་ཚུལ་ལ་གཟེངས་བསྟོད་བྱས་ཀྱང་། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐབས་ལམ་ཐད་ནས་ལྟ་ཚུལ་མི་འདྲ་བ་བཏོན།
ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་སོ་སོར་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་དང་། དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་མའོ་ཀའེ་ལི་ནེ་གཉིས་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱིས་ཤར་ལྷོའི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གིས་མྱུར་དུ་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་གྲོས་མོལ་སྤེལ་མགོ་རྩོམ་པར་སྐུལ་མ་གཏོང་དགོས་པའི་གྲོས་གཞི་བཏོན།
ཝུའུ་ཁི་ལན་གྱི་ཙུང་ཐུང་བཞུགས་ཤག་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་ཞོགས་པར་བསྒྲགས་པའི་གནས་ཚུལ་ལྟར་ན། པའོ་ལོ་ཧྲིན་ཁི་ཡིས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་ཕྱོགས་གཅིག་གི་འཁྲུག་རྩོད་མཚམས་འཇོག་པའི་ནང་རྐྱེན་གྱི་ཕན་ནུས་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད། །