མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་འཇར་མན། ཧྥ་རན་སི་བཅས་ཀྱི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-01 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་བཅས་ཀྱིས་ཚེས་ཉེར་དགུའི་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་ཁ་པར་གྲོས་མོལ་བྱས། ཨུ་རུ་སི་དང་འཇར་མན། ཧྥ་རན་སི་བཅས་ཀྱི་མགོ་ཁྲིད་པས་པའོ་ལོ་ཧྲིན་ཁི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་ཚེས་ཉེར་བརྒྱད་ཉིན་ཕྱིར་བཏང་བ་དང་། ཚེས་ཉེར་བདུན་ཉིན་ཝུའུ་ཁི་ལན་གྱི་ཏོན་ནེ་ཚི་ཁི་ནས་སྤེལ་བའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་གྲོས་མོལ་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། དུས་བཅད་ལྟར་རིགས་དེ་མཚུངས་ཀྱི་འབྲེལ་འདྲིས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཕྱོགས་བཞི་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་ད་རུང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ལྟ་ཞིབ་པ་མངག་གཏོང་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་ཤར་ལྷོའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་བར་དམིགས་ཏེ། ཕུའུ་ཅིན་གྱིས་ངེས་པར་དུ་ས་ཁུལ་དེར་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པ་ནན་བཤད་བྱས། དེ་ལས་གཞན་ཕྱོགས་བཞིའི་ཁ་པར་གྲོས་མོལ་ནས་ད་རུང་ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉེར་བདུན་ཉིན་པུའུ་ལུའུ་སེར་ནས་བཀོད་པའི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་སོགས་གནད་དོན་ལ་གྲོས་བསྡུར་བྱས། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་མུ་མཐུད་དུ་རིགས་དེ་མཚུངས་ཀྱི་ཁ་པར་གྲོས་མོལ་གྱི་རྣམ་པར་བརྟེན་ནས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུའི་གྲོས་ཐག་བཅད།

ཉིན་དེའི་ཁ་པར་གྲོས་མོལ་ནི་རྒྱལ་ཁབ་བཞིའི་མགོ་ཁྲིད་པའི་གཟའ་འཁོར་གཅིག་ནང་གི་ཁ་པར་གྲོས་མོལ་ཐེངས་གཉིས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག