མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དབྱི་རག་གི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་སེར་དཀྱུས་མ་དམར་གསོད་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-01 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་དགུའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་རག་གི་ཉམས་ཉེན་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། མི་སེར་དཀྱུས་མར་ཤི་རྨས་ཐེབས་པའི་དོན་རྐྱེན་ཇེ་མང་དུ་སོང་བའི་ཁར། མི་ས་ཡ་ལྷག་རང་ཁྱིམ་དང་བྲལ་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་སེར་དཀྱུས་མའི་དམར་གསོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་དབྱི་རག་ནས་བྱུང་བའི་འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་བའི་གནས་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དབྱི་རག་གི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་མི་སེར་དཀྱུས་མ་དག་ཆོས་ལུགས་དང་རིགས་རྒྱུད་ཀྱི་གནས་ཚུལ་ལ་དམིགས་ཏེ་དམར་གསོད་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། སྙན་ཞུ་ལྟར་ན་འཛིན་བཟུང་བྱས་པའི་དམག་མི་དང་བཀག་འཇུག་བྱས་པའི་མི་ལ་སྲོག་ཁྲིམས་བཅད་པ་དང་། གང་འདོད་དུ་མི་སེར་དཀྱུས་མའི་སྡོད་ཁུལ་དུ་འགས་གཏོར་བྱེད་པ་སོགས་གནས་ཚུལ་མང་བོ་འདུས་ཡོད། ཕན་ཅི་ཝུན་གྱིས་དབྱི་རག་སྲིད་གཞུང་གིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་དང་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་ལ་འགལ་བའི་བདེ་འཇགས་དམག་དཔུང་དང་དམངས་དམག་གི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་པའི་སྐུལ་མ་བཏང་།

ཟླ་འདིའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་བཅས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྔ་གཞུག་ཏུ་དབྱི་རག་བྱང་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་མའོ་སུའུ་ཨར་དང་ཐིས་ཁི་ལི་ཐི་བཙན་བཟུང་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་ས་ཆ་མང་བོ་ནས་དབྱི་རག་གི་བདེ་འཇགས་དམག་དཔུང་དང་འཁྲུག་རྩོད་དྲག་པོ་བྱས་ཏེ་དབྱི་རག་གི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། འཁྲུག་རྩོད་དེ་ལས་མི་སྟོང་ཕྲག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་ཟིང་འཁྲུག་གི་དབང་གིས་རང་ཁྱིམ་དང་བྲལ་ནས་གང་སར་འཁྱམ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག