ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་དབྱང་ཀོང་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་ངོ་དྲུག་ཅུ་འགོར་བར་རྗེས་དྲན་བྱེད་པའི་སྣེ་ལེན་ཚོགས་འདུ་བསྡུས། འབར་མའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཝུའུ་ཏན་ཅོའུ་ཡིས་ཚོགས་ཐོག་ནས་ཞུ་ཚིག་ཕུལ་ཏེ། འབར་མ་དང་ཀྲུང་གོ། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱས་ཏེ་གཉིས་ཕན་མཉམ་ལས་མངོན་འགྱུར་བྱས་ནས་སྣེ་མང་འཛམ་གླིང་འཕེལ་རྒྱས་སུ་གཏོང་བའི་འདོད་བློ་འདོན་རྒྱུ་ཡིན་ཟེར།
ཝུའུ་ཏན་ཅོའུ་ཡིས་བཤད་རྒྱུར། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་ངོ་དྲུག་ཅུ་འགོར་བའི་སྐབས་སུ། འབར་མ་དང་ཀྲུང་གོ། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཕན་ཚུན་གློག་འཕྲིན་བཏང་སྟེ་རྟེན་འབྲེལ་ཞུས་པ་དང་། མུ་མཐུད་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་བསྐྱེད་པའི་རེ་འདུན་དྲག་པོ་མཚོན་པར་བྱས་ཡོད་ཟེར། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་བསྟན་དོན། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་། བདག་དབང་འདྲ་མཉམ་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་ལས་མངོན་འགྱུར། ཐུན་མོང་བདེ་འཇགས་བརྩོན་ལེན། འདྲ་མཉམ་དྲང་བདེན་སྲུང་སྐྱོབ། སྣེ་མང་འཛམ་གླིང་འཕེལ་རྒྱས་སུ་གཏོང་བའི་འདོད་བློ་འདོན་དགོས་ཟེར།
འབར་མ་རུ་སྡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཚབ་མ་ཐན་ཀའེ་ཨར་གྱིས་བཤད་རྒྱུར། རྒྱ་གར་དང་འབར་མ། ཀྲུང་གོ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པ་པེ་ཅིན་དུ་འཛོམས་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་ངོ་དྲུག་ཅུ་འགོར་བར་རྗེས་དྲན་བྱེད་པའི་ཚོགས་ཆེན་ལ་ཞུགས་པ་དེས་ང་ཚོས་མུ་མཐུད་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་གལ་ཆེན་རང་བཞིན་ནན་བཤད་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གསུམ་གྱིས་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཆོད་སེམས་མཚོན་ཡོད་ཟེར།
འབར་མའི་ཙུང་ཐུང་གི་དབུ་བཞུགས་ཆབ་སྲིད་བློ་འདོན་པ་ཝུའུ་ཀི་ཀི་ཚེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ལོ་ངོ་དྲུག་ཅུའི་སྔོན། ཀྲུང་གོ་དང་འབར་མ། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་རྒྱང་རིང་ལ་དམིགས་ཏེ། ཞི་བདེ་མཉམ་གནས་ལྔའི་རྩ་དོན་བཏོན་པ་དང་། དེས་རྒྱལ་སྤྱིའི་འབྲེལ་བའི་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལ་སྔར་བཞིན་རིན་ཐང་ཆེན་པོ་ལྡན་པ་དང་། མུ་མཐུད་དུ་ནུས་པ་གལ་ཆེན་འདོད་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
དབྱང་ཀོང་ཞིང་ཆེན་གྱི་སྲིད་འཛིན་དཔོན་པོ་ཝུའུ་མེན་རོས་སོགས་འབར་མའི་དཔོན་རིགས་དང་། འབར་མར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། འབར་མ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཁོངས་མི། ས་དེར་ཡོད་པའི་ཀྲུང་གོ་བའི་འཐུས་མི། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི་སོགས་རྗེས་དྲན་གྱི་སྣེ་ལེན་ཚོགས་འདུར་ཞུགས། །