ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། སྲིད་གཞུང་དམག་དཔུང་གིས་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐིས་ཁི་ལི་ཐི་རུ་དཔུང་འཇུག་བྱས་ཏེ། གྲོང་ཁྱེར་དུ་བཙན་བཟུང་བྱེད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་རྒོལ་ལན་སྤྲོད་རྩིས་ཡོད་ཟེར།
དབྱི་རག་དམག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོར། དམག་བཀོལ་རླངས་འཁོར་དང་ཐན་ཁི་འཁོར་ལོ། འཁྲབ་ལྡན་འཁོར་ལོ་བཅས་བཅུ་ཕྲག་འགའ་དང་། དྲག་ཆས་གྱེན་འཕུར་གནམ་གྲུ་རེ་འགའ་ལམ་བཞིར་བགོས་ནས་ཐིས་ཁི་ལི་ཐི་གྲོང་ཁྱེར་གྱི་ཕྱོགས་སུ་སོང་། དེའི་ནང་སཱ་མེད་ལཱ་ནས་ལམ་དུ་ཆས་པའི་དམག་དཔུང་དེ་ཐིས་ཁི་ལི་ཐིའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་ཉེར་ལྔའི་མཚམས་སུ་ཡོད་པའི་དྲག་ཆས་ཉེས་ཅན་གྱིས་བཀག་པ་དང་། རྒྱུས་ལོན་བྱུང་བ་ལྟར་ན། ལམ་བཞི་བོའི་དམག་དཔུང་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཡོད་ཟེར།
དབྱི་རག་དམག་ཕྱོགས་ཀྱིས་བསྟན་དོན། མཁའ་དམག་གིས་ཉིན་དེར་དྲག་ཆས་ཉེས་ཅན་གྱི་ཐིས་ཐི་ལི་ཐི་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་དུ་ཡོད་པའི་སྦས་སྐོང་བྱེད་སར་བར་སྣང་ནས་འཇབ་རྒོལ་བྱས་ཟེར། །