མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བཅུ་དགུ་བསད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-30 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཚོ་ཁག་ས་ཁུལ་དུ་གཙང་བཤེར་འགུལ་སྐྱོད་སྤེལ་སྐབས་དྲག་ཆས་ཉེས་ཅན་བཅུ་དགུ་བསད་ཟེར།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་ཝ་ཅི་ལི་སི་ཐན་བྱང་མའི་མུས་ཨར་ཨ་ལི་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་གཅིག་བསད་པ་དང་། དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་དྲུག་གཏོར་བར་མ་ཟད། ཕཱ་ཁི་སི་ཐན་ཐཱ་ལེ་པན་གྱི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་མུས་ལན་ཧྲ་ཨ་ཡི་བཀོད་འདོམ་དཔོན་པོ་ཡང་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་བསད་ཟེར། དེ་ལས་གཞན་ཕཱ་ཁི་སི་ཐན་དམག་ཕྱོགས་གཀྱིས་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་མུས་ལན་ཧྲ་ཨ་རུ་ས་ཁོངས་ནས་དཔུང་འཇུག་བྱས་ཏེ་དྲག་ཆས་ཉེས་ཅན་བདུན་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ད་རུང་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་ནས་བྲོས་བྱོལ་བྱེད་རྩིས་ཡོད་པའི་རྟེན་གཞི་རྩ་འཛུགས་ཀྱི་མཐོ་རིམ་བཀོད་འདོམ་དཔོན་པོ་ཞིག་འཛིན་བཟུང་བྱས་པ་དང་། ཁོ་ནི་འགད་རྫས་ཀྱི་ཆེད་མཁས་པ་ཞིག་རེད་ཟེར།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་ནས་བཟུང་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་དུ་སྦས་སྐོང་བྱེད་པའི་རྒྱལ་ཁབ་རང་དང་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་ལ་གཙང་བཤེར་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་བསྟན་དོན། ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་ཚང་མ་དམག་ཕྱོགས་ཀྱིས་བཀག་སྡོམ་བྱས་པ་དང་། དམག་ཕྱོགས་ཀྱིས་ཡང་བསྐྱར་མང་ཚོགས་ཚང་མ་གནས་དེ་དང་ཁ་འབྲལ་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག