མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-28 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་ཚེས་ཉེར་བདུན་ཉིན་ཨུ་རུ་སི་ཡིས་གང་མགྱོགས་ཀྱིས་རང་གི་ཤུགས་རྐྱེན་ལ་བརྟེན་ནས། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་ཞི་བདེ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པ་དང་། དེ་ལྟ་མིན་ཚེ་ཨུ་རུ་སི་ལ་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་སྤྱོད་ངེས་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་ཉིན་དེར་པུའུ་ལུའུ་སེར་ནས་བསྡུས་པའི་མཐོ་རིམ་གྲོས་ཚོགས་སྟེང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་བཏོན་པའི་ཞི་བདེའི་འཆར་གཞི་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། ཕྱོགས་སོ་སོས་འཆར་གཞི་དེ་ལག་བསྟར་བྱེད་པར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་དྲག་ཆས་མི་སྣ་དང་མཚོན་ཆ་ཝུའུ་ཁི་ལན་དུ་འགྲོ་བར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་གནས་བབ་ལ་འབྲེལ་བའི་ཕྱོགས་སོ་སོས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་གྱི་སྔོན་ལ་ཕྱོགས་བཞི་ནས་གྲུབ་འབྲས་ལོན་དགོས། དེ་ལྟ་མིན་ཚེ་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་དཔྱད་འཇོག་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱོད་ངེས་ཡིན་ཟེར། འདིར་བརྗོད་པའི་ཕྱོགས་བཞི་ནི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་རྟོག་འོག་འཁྲུག་རྩོད་མཚམས་འཇོག་པ་དང་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་མཚམས་ཀྱི་དཔྱད་ཞིབ་ནང་རྐྱེན་འཛུགས་པ་དང་། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་མཐའ་མཚམས་ཞིབ་བཤེར་ས་ཚིགས་གསུམ་གྱི་ཚོད་འཛིན་སླར་གསོ་བྱེད་པ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་སོགས་མི་གཏའ་ཕྱིར་གཏོང་བ། པའོ་ལོ་ཧྲིན་ཁིའི་ཞི་བདེའི་འཆར་གཞི་ལ་དམིགས་ཏེ་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་བྱེད་པ་བཅས་ཡིན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག